ཐེངས་རྗེས་མའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་འཚོག་གཏན་ཁེལ་འདུག

ཟླ་བ་འདིའི་ཚེས་ ༡༡ ཉིན་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་མཐའ་མའི་རྩེད་འགྲན་དེ་དྷ་སྟེང་བོད་ཁྱིམ་རྐང་སྤོལ་རྩེད་ཐང་དུ་འཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཀང་རའི་རྫོང་དཔོན་དང་། དམིགས་བསལ་སྐུ་མགྲོན་དུ་ལ་དྭགས་རྐང་སྤོལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཅིག་དང་། བཀའ་དྲུང་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཅིག་གི་དྲུང་ཆེ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་ཕེབས་པ་དང་། གཞན་ཡང་རྐང་སྤོལ་ལ་དགའ་བའི་མི་མང་བཅས་འཛོམས་འདུག
འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༣༠ པའི་ནང་མཉམ་ཞུགས་གནང་མཁན་རུ་ཁག་༡༦ ཡོད་པའི་ཁྲོད་ནས། འགྲན་བསྡུར་གྱི་རིམ་པ་དག་བརྒྱུད་ནས་མཐའ་མའི་རྟིང་རྩོད་འགྲན་བསྡུར་སྐབས་སུ་མོན་གྷོ་འདོད་རྒུ་གླིང་གི་རྐང་སྤོལ་རུ་ཁག་དང་། བདེ་སྐྱིད་སླར་གསོའི་རྐང་སྤོལ་རུ་ཁག་གཉིས་དབར་བརྩེས་པ་དང་། མོན་གྷོ་འདོད་རྒུ་གླིང་གི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་ ༣ དང་། བདེ་སྐྱིད་སླར་གསོའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་ ༡ བཅས་བླུགས་ཏེ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐེངས་༣༠ པའི་རྒྱལ་ཁ་དེ་བཞིན་མོན་གྷོ་འདོད་རྒུ་གླིང་གི་རྐང་སྤོལ་རུ་ཁག་གིས་བླངས་སོང་།
གཞན་ཡང་འདི་ལོའི་རྩེད་འགྲན་སྐབས་སུ་མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་རྩེད་འགྲན་པ་ཀརྨ་ལྷུན་གྲུབ་ཤེས་རབ་ལ་རྩེད་འགྲན་པའི་ཁྲོད་ནས་རྩེད་ཕུད་ཀྱི་བྱ་དགའ་ཐོབ་པ་དང་། སྒང་ཏོག་རུ་ཁག་གི་རྩེ་འགྲན་པ་པདྨ་ལྷུན་གྲུབ་དང་པོན་ཊ་ཆོལ་གསུམ་གྱི་དཔལ་ལྡན་དོན་གྲུབ། དེ་བཞིན་མོན་གྷོའི་ཀརྨ་ལྷུན་གྲུབ་བཅས་ལ་སྤོ་ལོ་མང་ཤོས་བླུག་མཁན་གྱི་བྱ་དགའ་ཐོབ་སོང་། དེ་བཞིན་མོན་གྷོའི་རུ་ཁག་གི་སྒོ་རག་པ་བསྟན་འཛིན་བསམ་གྲུབ་ལ་སྒོ་རག་པ་རྩེད་ཕུད་ཀྱི་བྱ་དགའ་ཐོབ་སོང་བ་དང་། ཧུན་སུར་རབ་རྒྱས་གླིང་གི་རྩེད་འགྲན་པ་ཀུན་དགའ་ཆོས་དབྱངས་ལ་རྩེད་འགྲན་པ་ལོ་ན་ཆུང་ཤོས་ཀྱི་བྱ་དགའ་ཐོབ། ཀ་ཋ་མན་ཌུའི་རུ་ཁག་དང་ཀོ་ལེ་གྷལ་དོན་གླིང་རུ་ཁག་ལ་རྩེད་འགྲན་བཟང་ཤོས་ཀྱི་བྱ་དགའ་བཅས་ཐོབ་སོང་། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་བུམ་པའི་རྩེད་འགྲན་དེ་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་། ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་དོན་གྲུབ་གླིང་། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་དང་། ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས། ༢༠༢༣ ལོར་དྷ་རམ་ས་ལ། ༢༠༢༤ ལོར་ཧོན་སུར་རབ་རྒྱས་གླིང་། འདི་ལོར་བཞུགས་སྒར་དྷ་རམ་ས་ལ་བཅས་སུ་འཚོགས་ཡོད་པ་དང་། ཐེངས་རྗེས་མའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྩེད་འགྲན་དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་འཚོག་གཏན་ཁེལ་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།