ད་ཆར་ཨ་རིའི་གསར་ཁང་ཁག་གིས་ཨ་རིའི་སྲིད་འཛིན་འོས་མི་ཚོ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཉུང་དུ་ཕྱིན་འདུག

ཟླ་འདིའི་ཚེས་༢༩ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་མང་རིང་། ཨ་རིའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱོགས་རིས་ཆེན་པོས་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱས་ཡོད་ན་ཡང་། ཉེ་བའི་ལོ་ཤས་ནས་ཕྱོགས་ལྷུང་བྱེད་མཁན་ཉུང་དུ་ཕྱིན་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་ཝ་ཤིན་ཌོན་ཉིན་རེའི་ཚགས་པར་ཁང་གིས་སྲིད་འཛིན་འོས་མི་གང་ལ་ཡང་རྒྱབ་སྐྱོར་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་རྗེས། ཚགས་པར་མངགས་ཉོ་བྱེད་མཁན་འབུམ་གཉིས་ལྷག་ཉུང་དུ་ཕྱིན་ཡོད་འདུག

པར། Firstpost

ཉེ་ཆར་ཝ་ཤིན་ཌོན་ཉིན་རེའི་ཚགས་པར་(Washington Post) ་ཁང་གི་བདག་པོ་དང་ཨ་མེ་ཛོན་(Amazon) ་གསར་འཛུགས་བྱེད་མཁན་ཕྱུག་བདག་བྷེ་ཛོ་སི་(Jeff Bezos) ་ཡིས་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་མཚམས་འཇོག་བྱེད་རྒྱུའི་ཐག་གཅོད་བྱས་ནས། ཚགས་པར་ཁང་གི་གནས་བབ་སྲ་བརྟན་དང་རང་དབང་ཅན་གྱི་གསར་ཁང་ཞིག་དང་། ཚགས་པར་ཁང་ལ་ཡིད་ཆེས་བསྐྱར་གསོ་ཡོང་ཆེད་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱེད་རྒྱུ་བཞག་པ་ཡིན་ཞེས་གསར་འགྱུར་བརྒྱུུད་ལམ་གཞན་གྱི་ཐོག་བརྗོད་འདུག་ལ། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན། ཝ་ཤིན་ཌོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་འགོ་འཛིན་(CEO) ་ཝི་ལིམ་ལི་ཝི་སི་(Willian Lewis) ཡིས་གསར་ཁང་གིས་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱེད་རྒྱུར་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ། དུས་དེ་ནས་ཝ་ཤིན་ཌོན་ཉིན་རེའི་ཚགས་པར་ཁང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་བ་དང་། ཚགས་པར་མངགས་ཉོ་བྱེད་མཁན་ཉུང་དུ་ཕྱིན་ནས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་བར་ཚགས་པར་མངགས་ཉོ་བྱེད་མཁན་༢༥༠,༠༠༠ ་ཉུང་དུ་ཕྱིན་ཡོད་འདུག

ཝ་ཤིན་ཌོན་ཉིན་རེའི་ཚགས་པར་ཁང་གིས་འདས་པའི་ལོ་ངོ་༤༠ ་ཙམ་གྱི་རིང་། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱས་ཡོད་འདུག དེ་བཞིན་ལོ་སི་ཨན་ཇི་ལེ་སི་དུས་བབ་(Los Angeles Times) ་ཀྱིས་ཀྱང་ལས་ཐོག་སྲིད་འཛིན་བྷ་ཌན་དང་དེ་སྔའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་སོགས་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཉེ་ཆར་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་མ་བྱས་པ་བར་གནས་བྱེད་རྒྱུའི་གདམ་ཀ་བྱས་ཡོད་འདུག

རྒྱ་གར་གྱི་(Firstpost) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༡༨༠༠ ནང་ཨ་རིའི་ཚགས་པར་ཁང་ཁག་གིས་གསར་འགྱུར་གྱི་མདུན་ངོས་དང་རྩོམ་སྒྲིག་པའི་གཏམ་གཉིས་ཀའི་ནང་ཕྱོགས་རིས་ཆེན་པོས་སོ་སོའི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་༡༩༠༠ ནང་ཕྱོགས་རིས་མེད་པའི་གསར་འགྱུར་སྤེལ་སྲོལ་དར་ན་ཡང་། རྩོམ་སྒྲིག་པའི་གཏམ་དུ་ཕྱོགས་ལྷུང་ཅན་གྱི་ལྟ་ཚུལ་མུ་མཐུད་གནས་ཡོད་པར་བརྗོད། ཕྱི་ལོ་༢༠༠༨ ་ལོར་ཡང་། ཨ་རིའི་ནང་གི་གསང་འགྱུར་ཁང་ཆེ་ཤོས་བརྒྱའི་ནང་ནས་གསར་ཁང་༩༢ ་ཀྱིས་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ད་ལྟའི་ཆར་གསར་ཁང་གིས་སྲིད་འཛིན་འོས་མི་བྱེ་བྲག་པར་རྒྱབ་སྐྱོར་བྱེད་རྒྱུ་ཉུང་དུ་འགྲོ་བཞིན་ཡོད་པར་བཀོད་འདུག

ཟླ་འདིའི་ཚེས་༣༠ ་ཉིན་རྒྱ་གར་གྱི་ཧིན་དྷུ་སི་ཐན་(Hindustan) ་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༦ ལོ་ཨ་རིའི་ནང་གི་གསར་ཁང་༢༤༠ ་ཡིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་(Hillary Clinton) ་དང་གསར་ཁང་༢༠ ་ཡིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་ཕུ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༠ ལོ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱེད་མཁན་གསར་ཁང་༡༢༠ དང་སྤྱི་མཐུན་ཚོགས་པའི་འོས་མིར་རྒྱབ་སྐྱོར་བྱེད་མཁན་གསར་ཁང་༡༤ མ་གཏོགས་བྱུང་མེད་པའི་གནས་ཚུལ་བཀོད་འདུག

ཟླ་འདིའི་ཚེས་༢༨ ་ཉིན་(Bisiness Standard) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གསར་ཁང་༨༠ ཡིས་ཕྱི་ལོ་༢༠༢༤ ལོ་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱེད་མཁན་གསར་ཁང་༡༠ ་ལས་ཉུང་བ་མ་གཏོགས་བྱུང་མེད་པར་བཀོད་འདུག

ཕྱི་ཟླ་༡༡ ཚེས་༥ ་ཉིན་ཨ་རིའི་སྲིད་འཛིན་གྱི་དངོས་གཞིའི་འོས་བསྡུ་དང་ཕྱི་ལོ་༢༠༢༥ ཟླ་༡ ཚེས་༢༠ ་ཉིན་སྲིད་འཛིན་གསར་པའི་དམ་འབུལ་གྱི་མཛད་སྒོ་འཚོག་རྒྱུ་ཡིན་འདུག ཐེངས་འདིའི་སྲིད་འཛིན་འོས་མི་གཉིས་ལས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ཧ་རི་སི་ལ་རྒྱལ་ཁ་ཐོབ་ཚེ། ཁོང་ནི་ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་བུད་མེད་སྲིད་འཛིན་དང་པོ་དེ་ཆགས་རྒྱུ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།