ད་ལོའི་རྒྱ་ནག་གི་པའེ་ཏའེ་ཧེ་ཚོགས་འདུ་དང་འགྱུར་བ་རེ་འགའ།
ལྷ་སྡེ་གནམ་ལོ་ཡག
རྒྱ་ནག་དམར་ཤོག་གཞུང་གི་པའེ་ཏའེ་ཧེ་ཚོགས་འདུ་ནི་མའོ་ཙེ་ཏུང་ནས་འགོ་བཙུགས་པའི་སྲིད་དོན་ཐད་ཀྱི་དབྱར་གནས་ལྟ་བུ་ཞིག་རེད་ལ། ཕྱི་ལོ༡༩༨༧ ལོ་ནས་བཟུང་ཏིང་ཞའོ་ཕིང་གིས་འགོ་ཁྲིད་པའི་སྲིད་དོན་པ་རྒན་པ་ཚོས་ཚོགས་འདུ་འདི་དཔོན་རིགས་བསྐོ་འཛུགས་ལ་ཐེ་གཏོགས་ཀྱིས་སྟོབས་ཤུགས་མ་འདྲ་བ་ཁག་གི་ས་ཁོངས་དབྱེ་བགོས་བྱེད་ས་ཞིག་ཏུ་བསྒྱུར་ཡོད། སྐབས་དེར་ཧུའུ་ཡའོ་པང་སྤྱི་ཁྱབ་དྲུང་ཆེ་ནས་བརྗེ་སྤོར་བྱས་པ་ནི་ཞི་བའི་སྲིད་འགྱུར་གྱི་དོན་རྐྱེན་ཞིག་ཆགས་ཡོད་པར་མ་ཟད། ཅང་ཙེ་མིན་དང་ཧུའུ་ཅིན་ཐོའི་སྐབས་སུའང་ཚོགས་འདུ་འདི་མུ་མཐུད་ནས་ལོ་རྟག་པར་ཟླ་༧ མཇུག་དང་ཟླ་༨ འགོར་བསྡུ་བསྐོང་བྱེད་ཀྱིན་ཡོད། དེ་ནི་ལོ་རེ་རེའི་སྟོན་ཀར་བསྡུ་བསྐོང་བྱེད་ཀྱིན་པའི་དམར་ཤོག་ཚོགས་འདུའི་སྟེང་གི་བྱ་བའི་བཀོད་སྒྲིག་ལ་རྙོག་དྲ་མི་ཡོང་སླད་དུ་བཤད། ཡིན་ནའང་། ཞིས་ཅིན་ཕེན་གྱི་སྐབས་ནས་ཚོགས་འདུ་འདི་ལ་འགྱུར་བ་ཐེབས་ཀྱིན་འདུག
ཚོགས་འདུའི་སྔོན་དང་དངོས་གཞི།
རྒྱ་ནག་དམར་ཤོག་གཞུང་གི་དབྱར་གནས་འདི་ཡོངས་གྲགས་མ་ཡིན་པའི་ལམ་ནས་བསྡུ་བསྐོང་བྱེད་ཀྱིན་པས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བརྒྱུད་ནས་མ་གཏོགས་ཐད་ཀར་ཡོང་ཐུབ་ཀྱི་མེད། ད་ལོའང་དམར་ཤོག་མཐོ་རིམ་དཔོན་རིགས་ཁག་རིམ་པས་ཟླ་༨ ཚེས་༡༠རྗེས་ནས་བརྒྱུད་ལམ་ཁག་ཏུ་ཐོན་བཞིན་པ་ལས་པའེ་ཏའེ་ཧེ་ཚོགས་འདུ་མཇུག་སྒྲིལ་ཟིན་ལ་ཉེ་བར་ཚོད་དཔག་བྱེད་ཀྱིན་འདུག
གང་ལྟར་ཡང་ད་ལོའི་ཚོགས་འདུ་འདི་བཞིན་སྔོན་མ་དང་མ་འདྲ་བ་ནི་ཞིས་ཅིན་ཕེན་གཞུང་གིས་ད་ལོའི་ཟླ་༦དང་ཟླ་༧ འགོར་དཔོན་རིགས་བརྗེ་སྤོར་གྲུབ་ཟིན་པས། སྟོབས་ཤུགས་མ་འདྲ་བ་ཁག་གི་ས་ཁོངས་དབྱེ་བགོས་བྱེད་ས་ལྷག་མེད་པར་མ་ཟད། སྲིད་དོན་པ་རྒན་པ་ཚོར་ཇུས་གཏོགས་བྱེད་སའང་ལྷག་མི་འདུག་ལ། ཐ་ན་ཆབ་སྲིད་ཅུད་ཀྱི་ཚོགས་མི་ལས་ཀྱང་མང་བོ་ཞིག་ཚོགས་འདུ་དེར་མཉམ་ཞུགས་བྱེད་མ་དགོས་པར་གྱུར་ཟིན་པ་ནི་སྐབས་དེར་ཆབ་སྲིད་ཅུད་ཀྱི་ཚོགས་མི་ལས་ཁག་ཅིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་ཡོད་པ་ལས་ཤེས་ཐུབ། སྲིད་དོན་དབྱེ་ཞིབ་པ་ཚོས་འདི་ནི་ཞིས་ཅིན་ཕེན་ནས་སྔར་ཧུའུ་ཡའོ་པང་ལ་ཆག་སྒོ་བྱུང་བ་ལས་བསླབ་བྱ་བླངས་ནས་སྲིད་འགྱུར་ལ་གཟབ་གཟབ་དང་སྲིད་དོན་པ་རྒན་པ་ཚོར་ལག་པ་འཆིང་ས་མེད་པར་བསྒྱུར་བཞིན་པར་བཤད། ཡིན་ནའང་། ཚོགས་འདུའི་སྟེང་དུ་G20 ཟེར་བའི་རྒྱལ་ཁབ་སྟོབས་ཆེན་ཉི་ཤུའི་ཚོགས་འདུ་མི་རིང་བར་རྒྱ་ནག་ཏུ་འཚོགས་པར་ཇི་ལྟར་བཀོད་སྒྲིག་བྱེད་མིན་མིན་ཐད་གྲོས་མོལ་བྱས་ཚུལ་ཙམ་ལས་དོན་དངོས་སུ་གྲོས་མོལ་གང་དག་བྱས་མིན་གྱི་ཞིབ་ཕྲའི་གནས་ཚུལ་རིམ་པས་མ་གཏོགས་ད་དུང་ཕྱི་ལ་སླེབས་མི་འདུག
ཚོགས་འདུའི་རྗེས་ཀྱི་དོན་དག་ཁ་ཤས།
༡༽ པའེ་ཏའེ་ཧེ་ཚོགས་འདུ་མ་གྲོལ་བའི་ཡར་སྔོན་གྱི་ཟླ་༨ ཚེས་༡༢ ཉིན། རྒྱ་དམར་དབུས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཡུའུ་ཀྲིན་ཧྲིན་ནས་བོད་རང་སྐྱོང་ལྗོངས་སུ་ལྟ་བསྐོར་བྱས་ཡོད་པ་དང་། ལྷ་སར་ཡོད་པའི་གདན་ས་ཁག་དང་ཆབ་མདོ་སོགས་སུ་བསྐྱོད་ཡོད།
ཡུའུ་ཀྲིན་ཧྲིན་ནས་“ཕྱི་རྒྱལ་ན་ཡོད་པའི་སྟོབས་ཤུགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་སྔོན་འགོག་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་འཛིན་སྟངས་བཀོལ་ནས་ཆོས་ལུགས་ལ་དོ་དམ་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས”དང་། “ཏཱ་ལའི་བླ་མས་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་ལའང་གནོད་ཡོད་པ་རེད་”ཟེར།
༢༽ཟླ་༨ ཚེས་༢༢ ཉིན། རྒྱ་དམར་གཞུང་གི་ཏང་སྲིད་དམག་གསུམ་གྱི་ཆེས་མཐོའི་འགོ་ཁྲིད་ཞིས་ཅིན་ཕེན་ནས་བོད་ཤར་ཕྱོགས་ཀྱི་མཚོ་སྔོན་ནང་རྟོག་ཞིབ་བྱས་པ་དང་། འབྲི་ཆུའི་འགོ་ཁུངས་ཀྱི་རུ་ཁག་ནང་བསྐྱོད་ནས་གཙོ་བོ་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོབ། དབུལ་སྐྱོབ་སོགས་འབུར་དུ་བཏོད་ནས་བཤད་འདུག
༣༽པའེ་ཏའེ་ཧེ་ཚོགས་འདུ་གྲོལ་མཚམས་ཞིས་ཅིན་ཕེན་ནས་དེང་གི་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་བདུན་ཁྲིད་ནས་པའེ་ཏའེ་ཧེ་ཡི་ཅང་ཙེ་མིན་སྡོད་གནས་ལ་བསྐྱོད་དེ་ཅང་ཙེ་མིན་ལོ་དགུ་བཅུ་སོན་པའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་ཡོད་ཅིང་། སྲིད་དོན་དཔྱད་བརྗོད་པ་ཚོས་དོན་རྐྱེན་འདི་བརྒྱུད་ནས་ཅང་མིན་གྱི་ཤུགས་རྐྱེན་ད་དུང་མཐུད་གནས་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག
མཐའ་བསྡོམས་ཕྲན་ཚེགས།
ད་ལོའི་པའེ་ཏའེ་ཧེ་ཚོགས་འདུ་ནི་སྔོན་གྱི་མཐོ་རིམ་དཔོན་རིགས་བསྐོ་འཇོག་གི་གྲོས་མོལ་ཚོགས་འདུ་ཞིག་མ་ཡིན་པར་དབྱར་སྐྱིད་ཅིག་ཏུ་ལྟ་ཆོག་ནའང་། སྲིད་འགྱུར་ལ་གཟབ་པའི་སྲུང་སྐྱོབ་ཀྱི་རིམ་པའང་སྔོན་ལས་མཐོ་རུ་བཏང་ཡོད་ཚུལ་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་སླེབས་ཡོད། ཚོགས་འདུ་འདི་གྲོལ་མ་ཐག་གམ། མ་གྲོལ་བའི་ཡར་སྔོན་ནས་བོད་ཁུལ་ནི་དམིགས་རྟེན་ཞིག་ཏུ་བཟུང་ཡོད་པ་དང་བོད་བརྒྱུད་ནང་བསྟན་གྱི་དོ་དམ་ལ་ཤུགས་སྣོན་དང་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁ་རྡུང་གཏོང་དོན་གཙོ་བོ་ནི་འབྱུང་འགྱུར་གྱི་ཡང་སྲིད་ལ་དམིགས་ཡོད་པ་བརྗོད་མ་དགོས་ཤིང་། ཕྱི་ལོགས་ཀྱི་བརྒྱུད་ལམ་ཁག་ཅིག་ཏུ་འདི་ནི་རྒྱལ་བ་རིན་པོ་ཆེ་ཡི་སྐུ་གཟུགས་བདེ་ཐང་ལ་ཚོད་རྩིས་བྱེད་ཀྱིན་པར་འབྲེལ་བ་ཡོད་ཚུལ་བཤད། ཕྱོགས་གཞན་གཅིག་ནས་བཤད་ན། ངྷ་རམ་ས་ལ་ནས་པེ་ཅིན་ལ་འབྲེལ་བ་བྱེད་པའི་བརྒྱུད་ལམ་དུ་མཐོང་བཞིན་པའི་རྒྱ་ནག་གི་ཚོང་པ་དང་མཁས་པ་ཡིན་ཟེར་མཁན་ཁག་ཅིག་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་བདེ་ཐང་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཡིན་པ་ཞོར་ནས་ཤེས་ཐུབ།
ད་དུང་ཚོགས་འདུའི་སྟེང་དུ་G20 ཟེར་བའི་རྒྱལ་ཁབ་སྟོབས་ཆེན་ཉི་ཤུའི་ཚོགས་འདུ་མི་རིང་བར་རྒྱ་ནག་ཏུ་འཚོགས་པར་བགྲོ་གླེང་ཟེར་བ་སོགས་གང་ཐད་ནས་མཐོང་བ་ནི་པའེ་ཏའེ་ཧེ་ཚོགས་འདུའི་བརྗོད་གཞི་ལ་འགྱུར་བ་ཕྱིན་ཡོད་པ་ནི་གསལ་བོ་རེད་ལ། དེའང་རྒྱ་དམར་གཞུང་མུ་མཐུད་སྲ་བརྟན་ཡོང་བར་དམིགས་ཡོད་ངེས་པས། བོད་དང་ཡུ་གུར་གྱི་གནད་དོན་རྒྱ་ནག་ལ་བརྟན་ལྷིང་ཡོང་སླད་མི་རིགས་རིང་ལུགས་ཀྱི་སེམས་ཚོར་སློང་བར་མུ་མཐུད་དུ་བཀོལ་སྤྱོད་བྱེད་པའི་ལག་ཆར་བསྒྱུར་འདུན་འདུག་པས། བོད་མི་ཚོས་དུག་སྣ་དུག་གིས་ལེན་པའི་ཐབས་ལམ་བེད་སྤྱོད་གཏོང་རྒྱུ་ནི་མུ་མཐུད་དུ་མི་ཕམ་པའི་སྒང་དུ་གནས་པར་བྱེད་པའི་ཐབས་ལམ་ཉག་གཅིག་ཏུ་འདོད།