ད་ལྟ་དོལ་རྒྱལ་དང་རྒྱལ་བ་རིན་པོ་ཆེ་འདེམས་ཀ་ཡི་མཚམས་ལ་སླེབས་པ་རེད།
ཟླ་འདིའི་ཚེས་༣ ལྷ་བབ་དུས་ཆེན་ཉིན། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བར་ཁམས་རོང་པོ་ཤོག་ཀ་ཕྱེད་བརྒྱད་དང་། བར་ཁམས་སོག་ཤོད། བར་ཁམས་ཁྲི་རྡོ། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་བཅས་ཚོགས་པ་བཞིས་༸གོང་ས་མཆོག་ལ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཚེ་དབང་སྒྲུབ་ཞག་མཛད་རིང་། མང་ཚོགས་དད་ལྡན་མང་པོས་ཐོག་མར་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གསོལ་འདེབས། གུ་རུའི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུངས། དེ་རྗེས་དངོས་གཞི་བཀའ་ཆོས་སེམས་བསྐྱེད་དང་ཚེ་དབང་གི་གསོལ་འདེབས་སྐབས་ཁྲི་རྡོ་ཞབས་དྲུང་ཆོས་དབང་གྲགས་པ་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ནས། དད་ལྡན་པ་རྣམས་ཀྱིས་བརྟན་བཞུགས་ཕུལ་སོང།
༧གོང་ས་མཆོག་གིས་བཀའ་ཆོས་སེམས་བསྐྱེད་དང་ཚེ་དབང་འབྲེལ་ནས་གསུང་སྐབས། སངས་རྒྱས་ཀྱི་ཆོས་སློབ་སྦྱོང་མཐར་ཕྱིན་པ་བྱེད་པ་བོད་ཀྱི་ཡི་གེ་ཡག་ཤོས་ཡིན་སྐོར་དང། ཚེ་དབང་ཞུ་སྐབས་རང་ཉིད་ཀྱི་མི་ཚེ་བཟང་པོ་དང་དོན་དང་ལྡན་པ་ཞིག་ཡོང་བར་བྱེད་དགོས་སྐོར་གསུངས་སོང།
བརྟན་བཞུགས་ཀྱི་མཛད་རིམ་རྗེས་སུ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ར་བའི་ནང་དུ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་རྟགས་མ་མི་འདྲ་བ་གཉིས་ཕུལ་བའི་མཛད་སྒོ་འཚོགས་སོང། ཐོག་མར་སོག་ཤོད་བརྟན་བཞུགས་ཚོགས་པའི་སློབ་སྟོན་པ་སོག་ཞབས་དྲུང་གིས། ལུང་པ་དེས་མི་མང་གིས་༧གོང་ས་མཆོག་གི་མདུན་དུ་དམ་བཅའ་གསུམ་འཇོག་རྒྱུ་ཡིན་པ་དེ་ནི། དོལ་རྒྱལ་བསྟེན་རྒྱུ་མཚམས་བཞག་ཟིན་པ་དེ་མ་འོངས་པར་ཕ་བརྒྱུད་བུ་བརྒྱུད་ཀྱི་རྒྱུན་འཛིན་བྱ་རྒྱུ། ཆོས་དང་རིག་གཞུང། མི་རིགས་གཙང་མ་དར་སྤེལ་བྱ་རྒྱུ། དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་རྒྱུ་སོགས་ཀྱི་སྐོར་དང། བར་ཁམས་རོང་པོ་བརྟན་གཞུགས་ཚོགས་པའི་སྐུ་ཚབ་ཕུན་ཚོགས་ཚེ་རིང་གིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་འབྲེལ། བཙན་བྱོལ་ལ་ཡོད་པའི་རོང་པོ་བ་དོལ་རྒྱལ་བསྟེན་མཁན་མེད་ཀྱང་། ཁོ་ཚོའི་ལུང་པ་ལ་༧གོང་ས་མཆོག་ལ་དད་པ་ཡོད་པ་དང་དོལ་རྒྱལ་ཡང་བསྟེན་མཁན་ཡོད་པས། དེ་དག་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡིན་སྐོར་འགྲེལ་བརྗོད་གནང་སོང།
མཛད་སྒོའི་མཐའ་མར་༧གོང་ས་མཆོག་གིས་མི་མང་ལ་“བརྟན་བཞུགས་ཕུལ་མཁན་ཚོ་དད་པ་དམ་ཚིག་གཙང་མ་ཡིན་པ། དེ་ཡང་ངོ་གདོང་ནས་འདྲ་ཆགས་པོ་ཞིག་ཡིིན་གྱི་མ་རེད། ང་ཚོ་དེ་སྔ་བོད་ལ་ཡོད་པའི་སྐབས་དང་རྒྱ་གར་ལ་བཙན་བྱོལ་ཆགས་ནས་ལོ་ལྔ་བཅུ་ང་དྲུག་ང་བདུན་འགྲོ་བསྡད་ཀྱི་ཡོད་རེད། དེའི་རིང་དད་དམ་གཡོ་བ་མེད་པ་བྱས་ནས་བསྡད་པ་རེད། བླ་མར་བརྟན་བཞུགས་ཕུལ་ཟེར་བ་དེ་འབུལ་དངོས་ཀྱི་བརྟན་བཞུགས་ཡོང་རྒྱུ་ཞིག་མ་རེད། དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་ན། བླ་མ་དང་སློབ་མའི་བར་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་རེད།”ཅེས་གསུངས་ནས། ཁོང་ཨ་མདོ་སྐུ་འབུམ་གྱི་གྲོང་གསེབ་ཅིག་ལ་འཁྲུངས་ནས་རྗེས་སུ་རྒྱལ་བ་རིན་པོ་ཆེའི་མིང་ཐོག་ནས། ད་ལྟ་བར་དུ་ལོ་བརྒྱ་བཅུ་གྱ་གྲངས་བར་བོད་སྤྱི་པའི་དོན་དུ་སེམས་ཁུར་བླངས་ཏེ། གང་ཡོང་ཅི་ཡོང་གནང་བ་དེ་ལས་དང་སྨོན་ལམ་གྱི་ཤུགས་རྐྱེན་ཡོད་པ་ཡིན་སྐོར་གསུངས་སོང།
༧གོང་ས་མཆོག་གིས་དོལ་རྒྱལ་དང་འབྲེལ་ནས་གསུང་དོན། བརྟན་བཞུགས་ཕུལ་མཁན་ཚོས་དོལ་རྒྱལ་མི་བསྟེན་པའི་ཁས་ལེན་དམ་བཅའ་བརྟན་པོ་ཡོད་པ་དང། ཁོ་ཚོའི་ཕ་ཡུལ་ལ་དོལ་རྒྱལ་བསྟེན་མཁན་ཡོད་བསྡད་པ་དེ་ཁག་མེད་པ་རེད། ཁོང་གིས་ཀྱང་དེ་སྔོན་མ་ཤེས་ནས་དོལ་རྒྱལ་བསྟེན་ཡོད་པ་དང། རྗེས་སུ་དོགས་པ་ཟ་ནས་བརྟག་དཔྱད་བྱས་ནས་བསྟེན་མཚམས་བཞག་པ། དོལ་རྒྱལ་བསྟེན་མཁན་ཚོར་ད་ལྟ་བར་དུ་གསལ་བཤད་བྱས་ནས་ཕན་གྱི་ཡོད་པས་མུ་མཐུད་གསལ་བཤད་བྱེད་དགོས་སྐོར་དང། དེ་བཞིན་དེང་སང་ཁོང་ནུབ་ཕྱོགས་རྒྱལ་ཁབ་གང་དུ་སོང་ནའང། དོལ་རྒྱལ་ཚོགས་པས་ངོ་རྒོལ་བྱེད་ཀྱི་མེད་པ་ཞིག་མེད་པས། ཁོ་ཚོ་ལ་སྙིང་རྗེ་སྐྱེས་པ་ལས་ཁོང་ཁྲོ་ལངས་ཀྱི་མི་འདུག་པས། ཕྱི་རྒྱལ་ས་གནས་ཁག་གི་བོད་རིགས་ཚོར་དོལ་རྒྱལ་ངོ་རྒོལ་བར་ཁོང་ཁྲོ་མ་བྱེད་ཅེས་གསུངས་ཀྱི་ཡོད་སྐོར་གསུངས་སོང། དེ་བཞིན་༧གོང་ས་མཆོག་གིས། “ད་ལྟ་དོལ་རྒྱལ་དང་རྒྱལ་བ་རིན་པོ་ཆེ་འདེམས་ཀ་ཡི་མཚམས་ལ་སླེབས་པ་རེད། གལ་ཏེ་ཁྱེད་རང་ཚོས་དོལ་རྒྱལ་བདམས་ན་ང་གང་ཡང་བཤད་རྒྱུ་མེད།”ཅེས་གསུངས་སོང།
དེ་བཞིན་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་བྱུང་རིམ་སྐོར་ལ་ངོ་སྤྲོད་གནང་བ་དང་། “བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་ནས་ལོ་དྲུུག་ཅུ་ལ་ལས་ཀ་བྱས་རེད། ད་ལྟ་རྒན་ཡོལ་བྱས་ནས་ལོ་བརྒྱད་ཅུར་སླེབས་པའི་སྐབས། འགྲིག་མ་སོང་ལབ་ན་སྐབས་རེར་བློ་ཏོག་ཙམ་ཕམ་གྱི་འདུག་ཨ། ད་ལྟ་ཡག་སོང་ཟེར་རྒྱུའི་འཚབ་ལ་འཐུས་ཤོར་བཏང་འདུག་ལབ་ན་བློ་ཕམ་གྱི་འདུག་ཨ། ཁྱེད་རང་ཚོས་རྩ་བའི་ལམ་སྟོན་ཐོག་ཤར་བསྐྱོད་བྱེད་རྒྱུ་ཡིན་གསུངས་པ་དེར་དགའ་པོ་ཞེ་དྲག་བྱུང་སོང་”ཞེས་བཀའ་སློབ་གནང་ཡོད་པ་རེད།
མཛད་སྒོའི་རྗེས་༧གོང་ས་མཆོག་དང་ལྷན་དུ་བརྟན་བཞུགས་ཕུལ་མཁན་རྣམས་སྐུ་པར་བསྒྲོན་ནས་མཛད་སྒོ་གྲོལ་བ་དང། དེ་རྗེས་མི་མང་ལ་གཞས་སྣ་ཁྲབས་སྟོན་བྱས་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།