ད་ལྟའི་ཆར་བཙན་བྱོལ་བོད་མིའི་ནང་ཤེས་རྟོགས་བྱུང་བ་གཉན་ནད་རེག་དུག་ནད་པ་༦༥ འདུག

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བ་ད་ལྟའི་ཆར་གཉན་ནད་རེག་དུག་ནད་པ་༦༥ ཡོད་པ་དང་དེ་དག་ལས་མི་གྲངས་༤༥ ལ་འཕྲོད་བསྟེན་ལས་ཁུངས་ཀྱིས་མཐུན་འགྱུར་རོགས་ཡོད་པ་དང།  འདི་ལོར་ནད་པ་གསར་པ་༣ ཤེས་རྟོགས་དང་ནད་པ་རྙིང་པ་༣ གྲོངས་ཡོད་པ་རེད།

1227467
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག

སྤྱིར་སྤྱི་ཚོགས་ཕལ་ཆེ་བར་གཉན་ནད་རེག་དུག་ནད་པར་དབྱེ་འབྱེད་ཐོག་ལས་ཀ་ལས་ཕྱིར་འབུད་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པ་སོགས་བྱུང་གི་ཡོད་པས། ཕྱི་ཟླ་༡༡ པའི་ཚེས་༣༠ ཉིན་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་ལ། བོད་པའི་སྤྱི་ཚོགས་ནང་གནས་ཚུལ་དེའི་རིགས་འབྱུང་གི་ཡོད་མེད་སྐོར་བཅར་འདྲི་བྱས་པར། ཁོང་གིས། བོད་པའི་སྤྱི་ཚོགས་ནང་དུ་གཉན་ནད་སྲིན་འབུ་ཡོད་མཁན་དང་གཉན་ནད་རེག་དུག་ཕོགས་པའི་ནད་པའི་དབར་གྱི་ཁྱད་པར་མ་ཤེས་པའི་ཐོག མི་ཞིག་ལ་སྲིན་འབུ་ཡོད་པ་ཙམ་གྱིས་གཉན་ནད་རེག་དུག་གི་ནད་ཕོགས་པར་ངོས་འཛིན་གྱི་གོ་རྟོགས་སྐྱོ་བ་དང་ལྟ་སྟངས་ངན་པ་ཡོད་རྐྱེན། ས་གནས་ཁ་ཤས་ལ་གཉན་འབུ་ཡོད་མཁན་གྱི་ཚོང་ཁང་ལ་མི་འགྲོ་བ་དང་ཁག་ཅིག་ལ་ལས་ཀ་མ་སྤྲད་པ་སོགས་དབྱེ་འབྱེད་ཀྱི་གནས་ཚུལ་ཕྲན་བུ་བྱུང་ཡོད་སྐོར་གསུངས་སོང། དེ་བཞིན་སྤྱི་ཚོགས་གཞན་གྱི་ནང་དུ་གཉན་ནད་རེག་དུག་ནད་པར་དབྱེ་འབྱེད་བྱས་ཚེ། ཁྲིམས་གཏུགས་བྱེད་རྒྱུ་ཡོད་པ་དང་དབྱེ་འབྱེད་པར་ཁྲིམས་ཆད་ཕོགས་ཀྱི་ཡོད་པས། བོད་པའི་སྤྱི་ཚོགས་ནང་དེ་ལྟར་བྱེད་ས་ཡོད་མེད་དང་བྱེད་མཁན་བྱུང་ཡོད་མེད་དྲིས་པར། ཁོང་གིས་ད་བར་ཁྲིམས་གཏུགས་བྱེད་མཁན་བྱུང་མེད་ཀྱང་། གལ་ཏེ་དེ་འདྲའི་རིགས་ཀྱི་བདེ་སྡུག་ཞུ་དགོས་ན་ཞུ་ས་ཡོད་རེད་བསམ་གྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང།

གཉན་ནད་རེག་དུག་འགོས་ཚུལ་སྐོར་དང་བོད་པའི་སྤྱི་ཚོགས་ནང་མང་ཤོས་ཇི་ལྟར་འགོས་ཀྱི་ཡོད་སྐོར་དྲིས་པར། ཁོང་གིས་གཉན་ནད་རེད་དུག་འགོས་སྟངས་གསུམ་ཡོད་པ་ལས། ལུས་འབྲེལ་བརྒྱུད་འགོས་པ། ཁྲག་གསབ་དང་ཁྲག་སྣོན་བྱས་པ་ལས་འགོས་པ། གཉན་འབུ་ཡོད་པའི་ཨ་མའི་མངལ་གྱི་ཕྲུ་གུ་ལ་འགོས་པ་དང་ཨ་མའི་འོ་མ་ལས་ཕྲུ་གུ་འགོས་པ་བཅས་གསུམ་ཡིན་པ་ལས། གཉན་འབུ་ཡོད་པས་མི་དང་མཉམ་དུ་འཐམ་པའམ་ཅ་ལག་མཉམ་དུ་བེད་སྤྱོད་བྱས་ཚེ་ན་ཚ་འགོས་ཀྱི་མེད་པ་དང་། བོད་པའི་སྤྱི་ཚོགས་ནང་ནད་པ་ཕལ་ཆེ་བ་ལུས་འབྲེལ་ལས་གཉན་འབུ་འགོས་པ་ཡིན་སྐོར་གསུངས་སོང།

དེ་བཞིན་རྒྱ་གར་དང་སྤྱི་ཚོགས་གཞན་ནང་གཉན་ནད་རེག་དུག་གི་ནད་པར་སྤྱི་ཚོགས་ཀྱིས་དབྱེ་འབྱེད་ཤུགས་ཆེན་བྱས་རྐྱེན། ནད་པ་ཁ་ཤས་ཀྱིས་འཁོན་ལན་སློག་ཆེད། ན་ཚ་དེ་མི་མང་པོར་འགོ་ཐབས་བྱས་པའི་གནས་ཚུལ་མང་པོ་བྱུང་ཡོད་པས། བོད་པའི་སྤྱི་ཚོགས་ནང་གནས་ཚུལ་དེ་འདྲ་བྱུང་ཡོད་མེད་སྐོར་དྲིས་པར། ཁོང་གིས་“ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་དེ་འདྲ་བྱུང་བ་གོ་མ་བྱུང་”ཞེས་གསུངས་སོང།

འདས་པའི་ལོ་དང་བསྡུར་ན་བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་ནད་པའི་གྲངས་མང་དུ་སོང་ཡོད་མེད་སྐོར་དྲིས་པར། ཁོང་གིས་དེ་ཏན་ཏན་བཤད་ཐུབ་རྒྱུ་ཁག་པོ་ཡིན་པ་དང། འོན་ཀྱང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་༡༩༩༣ ལོ་ནས་གཉན་ནད་རེག་དུག་ནད་པའི་གྲངས་ཐོ་བསྡུས་འགོ་བཙུགས་ཡོད་པས། ད་ལྟའི་འཆར་ཐོ་གྲངས་ནང་ནད་པ་༡༢༠ ལྷག་ཡོད་པ་ལས་ནད་པ་༦༠ ལྷག་གྲོངས་ཟིན་པ་ཡིན་སྐོར་དང་། ད་ལྟའི་ཆར་གཉན་ནད་རེག་དུག་ནད་པ་དངོས་སུ་༦༥ ཡོད་པ་དང་དེ་དག་ལས་མི་གྲངས་༤༥ ལ་འཕྲོད་བསྟེན་ལས་ཁུངས་ཀྱིས་མཐུན་འགྱུར་རོགས་ཡོད་པ་དང།  འདི་ལོར་ནད་པ་གསར་པ་༣ ཤེས་རྟོགས་དང་ནད་པ་རྙིང་པ་༣ གྲོངས་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་ཕ་མ་གཉན་ནད་རེག་དུག་ཡིན་མཁན་གྱི་ཕྲུ་གུ་ཚོ་སློབ་གྲྭར་སློབ་འཇུག་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་མེད་སྐོར་དྲིས་པར། ཁོང་གིས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བར་གཞིགས་ན།ས་གནས་ཁག་ལ་དཀའ་ངལ་དེའི་རིགས་འཕྲད་ཀྱི་མེད་བསམ་གྱི་ཡོད་ཅེས་གསུངས་བྱུང།

བོད་པ་གཉན་ནད་རེག་དུག་ནད་པ་ཚོར་འཕྲོད་བསྟེན་ལས་ཁུངས་ཀྱིས་ལྟ་སྐྱོང་དང་མཐུན་འགྱུར་གང་གནང་གི་ཡོད་སྐོར་དྲིས་པས། ཁོང་གིས། འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་ཐད་སྔོན་འགོག་དང་ལྟ་སྐྱོང་གི་ལས་གཞི་གཉིས་ཡོད་པ་ལས། མི་མང་ལ་ན་ཚ་དེ་བཀག་འགོག་ཆེད་གོ་རྟོགས་སྤེལ་རྒྱུར་ཤུགས་གཙོ་བོ་རྒྱག་གི་ཡོད་པ་དང། ན་ཚ་དེ་ཕོགས་ཟིན་པའི་ནད་པ་ཚོར་ལྟ་སྐྱོང་ཆེད་དུ། རྒྱ་གར་གཞུང་གི་སྨན་ཁང་ཚང་མར་གཉན་འབུ་ཡོད་མཁན་ཚོར་སྲིན་འབུར་ཁ་གཏད་གཅོག་པའི་ལུས་པོའི་ནུས་ཤུགས་བརྟག་དཔྱད་རིན་མེད་དང། གཉན་ནད་རེག་དུག་ནད་ཕོགས་ཟིན་པའི་ནད་པ་ཚོར་སྨན་རིན་མེད་ཐོག་སྤྲད་ཀྱི་ཡོད་པས། འཕྲོད་བསྟེན་ལས་ཁུངས་ཀྱིས་ཁོང་ཚོར་རྒྱ་གར་གཞུང་གི་སྨན་ཁང་ལ་འགྲོ་ཐུབ་ཆེད། འགྲོ་འགྲོན་དང་ཟས་དོད་སོགས་ཀྱི་མཐུན་འགྱུར་བྱེད་ཀྱི་ཡོད་པ་དང། ས་གནས་ཚང་མར་སྨན་ཞབས་པ་དང་ས་གནས་ཆེ་ཁག་ལ་འབྲེལ་ཡོད་ལས་བྱེད་ཡོད་པས། དེ་དག་གིས་ནད་པ་རྣམ་སྨན་ཁང་ལ་རོགས་རམ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་གཉན་ནད་རེག་དུག་ནད་པ་ནང་མིའི་གནས་སྟངས་སྐྱོ་པོ་ཡིན་པ་ཚོར། འཚོ་བ་ཡར་རྒྱས་འགྲོ་ཆེད་ལག་ཤེས་སྦྱོང་བརྡར་སོགས་ལ་བཏང་བ་དང་འཚོ་སྣོན་ཕུལ་ཐབས་བྱེད་པ། དེ་མིན་འབྲེལ་ཡོད་ལས་བྱེད་སྨན་ཞབས་པ་དང་བོད་སྨན་པ་དང་ཕྱི་ལུགས་སྨན་པ་སོགས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སྨན་གྱི་མཐོ་སློབ་རྩེ་ཕུད་ཞིག་ལ། གཉན་ནད་རེག་དུག་གི་ནད་པ་ཚོར་སློབ་སྟོན་བྱེད་ཕྱོགས་ཐད་ཟབ་སྦྱོང་ལོ་གཉིས་རེའི་མཚམས་ལ་ཐེངས་གཅིག་གཏོང་གི་ཡོད་པས། ད་བར་ཐེངས་༣བཏང་ཡོད་པ། དེ་བཞིན་ལོ་གཉིས་རེའི་མཚམས་སུ་གཉད་ནད་རེག་དུག་ནད་པ་ཚོ་སྤྱི་ཚོགས་ནང་སེམས་ཞུམ་ནས་མི་སྡོད་ཆེད། ཁོང་ཚོ་ས་ཆ་ཞིག་ལ་བསྐོངས་ནས་ན་ཚ་དེའི་སྐོར་ཟབ་སྦྱོང་དང་གོ་རྟོགས་སོགས་སྤེལ་ནས། གཉན་འབུ་འགོས་ཟིན་ཡང་ལོ་ངོ་མང་པོ་བདེ་པོའི་ངང་གནས་ཐུབ་ཡོད་པས་མི་སྣ་སོགས་ཀྱི་དཔེ་མཚོན་བཞག་ནས་སེམས་ཤུགས་སྤར་ཐབས་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང།

དེ་བཞིན་ཁོང་ལ་བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་ནད་པ་མི་སྐྱ་གཅིག་པུ་ཡིན་ནམ། ཡང་ན་དགོན་སྡེ་ཁག་ལ་ཡང་ནད་པ་ཡོད་མེད་སྐོར་དྲིས་པར། ཁོང་གིས་དགོན་སྡེ་ཁག་ལ་ཡང་ནད་པ་ཁ་ཤས་ཡོད་པ་ཤེས་རྟོགས་བྱུང་སོང་བས། ཁོང་ཚོ་རྒྱ་གར་གྱི་སྨན་ཁང་གང་བྱུང་ལ་ཁྲག་གསབ་སྣོན་བྱེད་པར་ཕྱིན་ནས་འགོས་པ་རེད་བསམ་གྱི་འདུག་ཅེས་གསུངས་སོང།

ཁོང་གིས་མུ་མཐུད་དུ་ན་ཚ་དེ་འགོག་ཐབས་ཆེད་གོ་རྟོགས་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང། དེ་བཞིན་གཉན་ནད་རེག་དུག་ནད་པ་བརྒྱ་ཆ་༥༠ ལྷག་གིས་རང་ཉིད་ལ་ནད་འབུ་དེ་འགོས་ཡོད་པ་མ་ཤེས་པར་གནས་ཀྱི་ཡོད་པས། གལ་ཏེ་དོ་བདག་ཅིག་གིས་རང་ཉིད་ལ་ན་ཚ་དེ་འགོས་ཉེན་ཡོད་པའི་ལས་སུ་ཞུགས་ཡོད་ཚེ། བརྟག་དཔྱད་ངེས་པར་བྱེད་དགོས་པ་ཤིན་ཏུ་གལ་ཆེན་ཡིན་སྐོར་དང། འཕྲོད་བསྟེན་ལས་ཁུངས་ཀྱིས་ཨེ་ཛེ་སློབ་(Teach Aids)ཅེས་པའི་ཚོགས་པ་དང་འབྲེལ་བ་བྱས་ནས། གཉན་ནད་རེག་དུག་གི་སྐོར་བོད་སྐད་ཐོག་འགུལ་གཟུགས་(animation) ཀྱི་གློག་བརྙན་སྐར་མ་ཉི་ཤུ་རྩ་གྲངས་ཡོད་པ་ཞིག་བཟོ་བཞིན་ཡོད་པས། དེ་ལས་མི་མང་དང་ལྷག་པར་དུ་གཞོན་སྐྱེས་ཚོར་གོ་རྟོགས་སྤེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང།

དེ་བཞིན་ཟླ་འདིའི་ཚེས་༡ ནི་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་ཡིན་པས། འཛམ་གླིང་ས་ཕྱོགས་གང་སར་ན་ཚ་དེའི་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་ཁར། དྷ་ས་མེག་གྷན་གྱི་ཁྲོམ་དཀྱིལ་དུ། བོད་མིའི་སྒྲིག་འཛུགས་དང་ཀུན་ཕན་ལས་ཁང་གཉིས་མཉམ་རུབ་ཐོག གཉན་ནད་རེག་དུག་སྐོར་ངོ་སྤྲོད་གཏམ་བཤད་དང་དེའི་སྐོར་ལག་དེབ་འགྲེམས་སྤེལ། འགྱིག་ཤུབས་རེིན་མེད་ཐོག་སྤྲད་པའི་ལས་འགུལ་སྤེལ་སོང།

11233086
ནད་གཞི་སྔོན་འགོག་ཡོང་ཐབས་ཀྱི་འཁྲབ་སྟོན།

དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་བདེ་ལེགས་སྨན་ཁང། དྷ་ས་རོ་ཊ་རེ་(Rotary Club)ཚོགས་པ་བཅས་ཀྱིས། གཉན་ནད་རེག་དུག་དང་འབྲེལ་བའི་གཏམ་རྒྱུད་འཁྲབ་སྟོན་དང་མེག་གྷན་གྱི་ཁྲོམ་གཞུང་ལ་སྐད་འབོད་དང་སྦྲགས་གོམ་བགྲོད་ཁྲོམ་སྐོར་་བྱས་སོང།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོད་རྩིས་ལྟར་བྱས་ན། ཕྱི་ལོ་ ༢༠༡༤ ལོར་གཉན་ནད་རེག་དུག་གི་ནད་གཞི་ཕོགས་པ་མི་གྲངས་ས་ཡ་ ༣༦.༩ ཙམ་དང་། དེའི་ཁྲོད་ནས་མི་འབོར་ས་ཡ་ ༢.༦ ནི་ལོ་ན་བཅོ་ལྔ་མན་གྱི་ཕྲུ་གུ་ཡིན་པ་རེད། ཕྱི་ལོ་ ༢༠༡༤ ལོར་གཉན་ནད་རེག་དུག་གི་ནད་གཞི་གསར་དུ་ཕོག་པ་མི་གྲངས་ས་ཡ་ ༢ ཙམ་དང་། ནད་གཞི་དེའི་རྐྱེན་པས་མི་གྲངས་ས་ཡ་༡.༢ ཙམ་འདས་གྲོངས་སུ་གྱུར་ཡོད་འདུག

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་ནད་པ་དང་གཉན་འབུ་ཡོད་མཁན་གྱི་གྲངས་ཐོ་གསལ་པོ་ཤེས་ཐབས་ཤིན་ཏུ་ཁག་པོ་ཆགས་འདུག དེ་ཡང་སྤྱི་ཚོགས་ནས་ན་ཚ་དེའི་སྐོར་གོ་རྟོགས་གཏིང་ཟབ་མེད་སྟབས་ན་ཚ་དེར་ལྟ་སྟངས་ངན་པ་དང་དབྱེ་འབྱེད་ཡོད་པས། ནད་པ་རྣམས་གསང་བའི་ངང་རྒྱ་གར་གཞུང་གི་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱེད་དུ་འགྲོ་ཡི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།