ད་ལྟའི་ཆར་ཡུག་རེན་གྱི་དམག་མི་མང་པོའི་ཚེ་སྲོག་ཤོར་བཞིན་འདུག་ཟེར།
ཟླ་འདིའི་ཚེས་༢ ཉིན་TFIGlobal ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་ལ་བརྟེན་ནས། ད་ལྟའི་ཆར་ཡུག་རེན་གྱི་དམག་མི་མང་པོའི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཕྱི་ཟླ་༥ པའི་ཚེས་༣༡ ཉིན་ཡུག་རེན་གྱི་རྒྱལ་ས་ཀེབ་ཏུ་མེ་སི་(Newsmax) ཞེས་པའི་གསར་ཁང་གིས་ཡུག་རེན་གྱི་སྲིད་འཛིན་ལ་བཅར་འདྲི་ཞིག་བྱས་པའི་ལན་དུ། ཡུག་རེན་སྲིད་འཛིན་གྱིས་ཡུག་རེན་གྱི་ཤར་ཕྱོགས་ཁུལ་གྱི་གནས་སྟངས་ནི་ཧ་ཅང་ཛ་དྲག་གི་གནས་སུ་འགྱུར་ཡོད་རབས་དང་ཉི་མ་རེ་ལ་ཡུག་རེན་གྱི་དམག་མི་༦༠ ནས་༡༠༠ བར་གྱི་ཚེ་སྲོག་ཤོར་གྱི་ཡོད་པ་མ་ཟད། དམག་མི་༥༠༠ ཙམ་ལ་རྨས་སྐྱོན་ཕོག་གི་ཡོད་པ་འགྲེལ་བརྗོད་བྱས་འདུག་ཀྱང་། དམག་གྲངས་དེ་འདྲ་ཞིག་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་དེ་ཡུག་རེན་གྱི་ཤར་ཕྱོགས་ཁོ་ན་ལ་ཡིན་དང། ཡང་ན་ཡུག་རེན་གྱི་ཁྱོན་ཡོངས་ཀྱི་ཐོག་ལ་སྐད་ཆ་བཤད་ཀྱི་ཡོད་མེད་གསལ་པོ་མེད་པ་རེད།
ད་ལྟའི་བར་དུ་ཡུག་རེན་གཞུང་གིས་ཡུག་རེན་གྱི་དམག་མིའི་འཆི་གསོན་གྱི་ཐོག་ལ་གནས་ཚུལ་ཞིབ་ཕྲ་བརྗོད་ཀྱི་མེད་པས། ཨ་རིའི་གསང་བའི་མི་སྣས་ཚོད་རྩིས་བྱས་པ་ལྟར་ན། ལོ་འདིའི་ཕྱི་ཟླ་བཞི་པའི་ཟླ་དཀྱིལ་བར་དུ་ཡུག་རེན་གྱི་དམག་མི་ཁྱོན་བསྡོམ་༥,༥༠༠ ནས་༡༡,༠༠༠ བར་གྱི་ཚེ་སྲོག་ཤོར་ཡོད་རབས་ཀྱི་གནས་ཚུལ་འདུག
སྤྱིར་བཏང་ཡུག་རེན་ལ་དམག་གྲངས་༢༤༠,༠༠༠ ཡོད་པ་དང་དེའི་ནང་ནས་མི་ཉུང་བ་ཞིག་འདས་གྲོངས་སུ་ཕྱིན་པ་དང་། མང་པོར་རྨས་སྐྱོན་ཕོག་པར་བརྟེན་ད་ལྟའི་ཆར་དམག་མི་ཉུང་མཐའ་ལ་༦༠,༠༠༠ ཞིག་གིས་དམག་སའི་ཐོག་ལ་དམག་འཁྲུག་བྱེད་ཐུབ་ཀྱི་མེད་པ་རེད།
བྱང་ཆིངས་རྩ་འཛུགས་ཀྱིས་རང་ཉིད་རྒྱ་སྐྱེད་ཀྱི་བསམ་བློ་དེ་དོར་ནས་སྤྱང་གྲུང་ལྡན་པའི་ངང་ནས་ཨུ་རུ་སུ་ལ་ཁོང་ཁྲོ་མ་སློང་བ་དང་། ཡུག་རེན་སྲིད་འཛིན་གྱིས་ཀྱང་དམག་སྦྱོང་ཞན་པ་དང་གོ་མཚོན་ལེགས་པོ་མེད་པའི་སོ་སོའི་དམག་མི་དག་འཛམ་གླིང་གི་དམག་སྟོབས་ཆེ་ཤོས་གཉིས་པ་རུ་བརྗོད་པའི་ཨུ་རུ་སུ་དང་དམག་འཁྲུག་བྱེད་མ་བཅུག་པར་སྔར་བཞིན་བར་གནས་ཀྱི་རྒྱལ་ཁབ་གཅིག་ཏུ་གནས་ཡོད་ན། ཡུག་རེན་གྱི་དམག་མི་དག་གི་རིན་ཐང་ལྡན་པའི་ཚེ་སྲོག་མང་པོ་ལ་སྲུང་སྐྱོབ་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།