ད་ལྟའི་ཆར་རྒྱ་ནག་གིས“བོད་རང་སྐྱོང་ལྗོངས་”སུ་འབོད་པའི་བོད་ཀྱི་ས་ཁུལ་དུ་མི་འབོར་ས་ཡ་ ༣.༦༥ ཡོད་འདུག
རྒྱ་ནག་གི་ལོ་བཅུ་རེའི་མི་འབོར་གྲངས་བཤེར་གྱི་སྙན་ཐོ་གསར་ཤོས་སུ་གསལ་བ་ལྟར་ན། ད་ལྟའི་ཆར་“བོད་རང་སྐྱོང་ལྗོངས་”སུ་མི་འབོར་ས་ཡ་ ༣.༦༥ ཡོད་འདུག་ཅིང་། དེ་ནི་བཅུ་ཕྲག་སྔོན་མའི་(༢༠༠༠ ནས་ ༢༠༡༠ བར།) གྲངས་འབོར་ལས་བརྒྱ་ཆ་ ༢༡.༥ ཡར་འཕར་བ་ཡིན་འདུག
རྒྱ་ནག་གཞུང་འབྲེལ་གྱི་<<རྒྱ་ནག་ཉིན་རེའི་གསར་ཁང་>>ནས་ཁ་སང་རེས་གཟའ་ལྷག་པའི་ཉིན་ ༢༠༢༠ ལོའི་རྒྱལ་ཡོངས་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། ད་ལྟའི་ཆར་“བོད་རང་སྐྱོང་ལྗོངས་”སུ་མི་འབོར་ས་ཡ་ ༣. ༦༥ ཡོད་ཚུལ་དང་། མི་འབོར་དེའི་བརྒྱ་ཆ་ ༩༡ ཙམ་བོད་རིགས་ཡིན་ཚུལ་བཀོད་འདུག
བོད་མི་ཚོའི་ངག་རྒྱུན་དུ་བོད་མི་ས་ཡ་དྲུག་ཅེས་གྲངས་ཀ་ངེས་ཅན་ཞིག་འཇགས་ཡོད་ན་ཡང་། རྒྱ་ནག་གིས་༡༩༥༠ ང་གྲངས་ནང་བོད་ལ་ཁྲིམས་འགལ་གྱི་བཙན་འཛུལ་བྱས་རྗེས། བོད་ས་ཡོངས་རྫོགས་དུམ་བུ་ལྔ་རུ་བགོས་ནས་(བོད་ལྗོངས་མ་གཏོགས།)རྒྱ་ནག་གི་ཞིང་ཆེན་ཁག་ལ་སྦྱར་ཏེ་དབང་སྒྱུར་སྟངས་འཛིན་བྱེད་ཀྱིན་ཡོད་སྟབས། བོད་ཀྱི་མི་འབོར་ཏག་ཏག་ཅིག་རྟོགས་དཀའ་བ་ཆགས་ཡོད།
<<རྒྱ་ནག་ཉིན་རེའི་གསར་ཁང་>>ནས་སྤེལ་བའི་གནས་ཚུལ་དེའི་ནང་། ས་གནས་སྲིད་གཞུང་གིས་“བོད་ལྗོངས་”སུ་མི་འབོར་འཕེལ་རྒྱས་འགྲོ་བཞིན་པ་དེ་འཕྲོད་བསྟེན་ལྟ་སྐྱོང་བཟང་དུ་ཕྱིན་པ་དང་། ལྷག་པར་དུ་ནད་ཡམས་སྔོན་འགོག་དང་བྱིས་པའི་བདེ་ཐང་ལེགས་སུ་ཕྱིན་པའི་མཇུག་འབྲས་ཡིན་ཚུལ་བཤད་ཡོད་འདུག ཡིན་ན་ཡང་། བོད་གནས་བསྐྱར་ཞིབ་དུས་དེབ་(Tibetan Review) ཀྱིས་བོད་ལྗོངས་ཀྱི་མི་འབོར་འཕེལ་རྒྱས་ཕྱིན་པ་དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་རྒྱ་མི་རྣམས་བོད་ལ་གནས་སྤོ་བྱེད་དུ་འཇུག་པའི་སྲིད་བྱུས་ལ་ཐུག་ཡོད་ཤས་ཆེ་བའི་འགྲེལ་བརྗོད་བྱས་འདུག
སྤྱིའི་ཆ་ནས་བཤད་ན། རྒྱ་ནག་གི་མི་འབོར་འཕེལ་ཚད་དེ་ལོ་ངོ་བཅུ་ཕྲག་མང་པོའི་ནང་གི་ཚད་གཞི་ཆེས་དམའ་ཤོས་སུ་བསླེབས་པ་མ་ཟད། ༢༠༢༢ ཙམ་ལས་མི་འབོར་མར་འཆག་འགོ་བརྩམ་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་ཡོད་འདུག་པས། རྒྱ་ནག་ཕྱུག་པོ་མ་ཆགས་གོང་ནས་རྒས་འཁོགས་ཆགས་པའི་ཉེན་ཁ་དེ་ནི་རྒྱ་ནག་གཞུང་ལ་འཕྲད་བཞིན་པའི་དཀའ་ངལ་གསར་ཤོས་སམ་ཆེ་ཤོས་ཤིག་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།