ད་ལྟའི་རྒྱལ་སྤྱིའི་དམག་འཁྲུག་ཁག་དང་ཨ་རིའི་སྲིད་འཛིན་སྔ་ཕྱིའི་སྲིད་བྱུས།

ཨི་སི་རེལ་གྱི་དམག་འཁྲུག་དང་ཡུག་རེན་དང་ཨུ་རུ་སུའི་དམག་འཁྲུག ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་སོགས་ནི་ཀུན་གྱིས་དོ་སྣང་ཤུགས་ཆེན་བྱེད་ས་ཞིག་ཆགས་ཡོད་པ་དང་། ཨ་རིའི་སྲིད་འཛིན་སྔ་ཕྱི་གཉིས་ཀྱིས་རྒྱལ་ཁབ་དང་དམག་འཁྲུག་དེ་དག་གི་ཐོག་འཛིན་པའི་ལངས་ཕྱོགས་དང་ཕྱི་འབྲེལ་སྲིད་བྱུས་ཀྱང་མི་འདྲ་བ་ཡོད་པའི་རྩོམ་ཐུང་ཞིག་ཉེ་ཆར་ཨེ་པི་(AP) ་གསར་ཁང་གི་དྲྭ་རྒྱའི་ཐོག་བཀོད་འདུག

ཨབ་གྷ་ནི་སི་ཐན།

ཨ་རིས་འདས་པའི་ལོ་ངོ་༢༠ ་རིང་ཨབ་གྷ་ནི་སི་ཐན་དུ་དམག་འཁྲུག་བརྒྱབས་ཡོད་པ་དང་དམག་འཁྲུག་དེ་ནི་ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་དམག་འཁྲུག་གི་དུས་ཡུན་རིང་ཤོས་སུ་གྱུར། ཕྱི་ལོ་༢༠༢༡ ་ནང་སྲིད་འཛིན་བྷ་ཌན་གྱིས་ཨབ་གྷ་ནི་སི་ཐན་དུ་ཡོད་པའི་ཨ་རིའི་དམག་དཔུང་དག་ཕྱིར་འཐེན་བྱས། སྐབས་དེར་ཁ་བྷུལ་(Kabul) ་གནམ་གྲུའི་ཐང་ནས་གློ་བུར་དུ་མེ་མདས་འཇབ་རྒོལ་སོགས་བྱུང་སྟེ། ཨ་རིའི་དམག་མི་༡༣ ་དང་ཨབ་གྷ་ནི་སི་ཐན་གྱི་མི་སེར་༦༠ ་ཙམ་གྱི་ཚེ་སྲོག་ཤོར། དེ་སྔ་སྲིད་འཛིན་བྷ་ཌན་ཨ་རིའི་སྲིད་འཛིན་གཞོན་པ་ཡིན་པའི་སྐབས་ནས་དམག་འཁྲུག་མཚམས་འཇོག་དང་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་བཟུང་ཡོད་པ་དང་། ཁོང་གིས་ཕྱི་ལོ་༢༠༠༡ ལོར་འཇིགས་སྐུལ་རིང་ལུགས་པས་ཨ་རི་ལ་གཏོར་རྒོལ་བྱས་པའི་རྗེས། ཨ་རིས་ཨབ་གྷ་ནི་སི་ཐན་ལ་དམག་དཔུང་གཏོང་བའི་ཐོག་མའི་དམིགས་ཡུལ་དག་ལེགས་གྲུབ་བྱུང་ཡོད་ཅེས་བརྗོད།
ཡིན་ན་ཡང་། བྷ་ཌན་སྲིད་གཞུང་གི་དཔོན་རིགས་ཚོས་ཊོམ་ཕུས་གསལ་པོ་མེད་པ་དང་ཆ་མ་ཚང་བའི་དམག་མི་ཕྱིར་འཐེན་གྱི་འཆར་གཞི་ཞིག་བཞག་ཡོད་པར་བཤད། ཕྱི་ལོ་༢༠༢༠ ཟླ་༢ ་པར། ཊོམ་ཕུའི་སྲིད་གཞུང་གིས་ཏ་ལི་བྷན་དང་མཉམ་དུ། ཕྱི་ལོ་༢༠༢༡ ་ཟླ ༥ ་པའི་ནང་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་ཞིག་བཞག ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་པོམ་པེའོ་(Mike Pompeo)  ་ཁ་ཐར་གྱི་རྒྱལ་ས་ཌོ་ཧ་(Doha) ་རུ་ཕེབས་ནས་གྲོས་མཐུན་དེར་མིང་རྟགས་འགོད་པའི་དཔང་པོ་བྱས་ཤིང་། གྲོས་མཐུན་དེར་ཨབ་གྷ་ནི་སི་ཐན་གཞུང་གི་ཐད་ཀའི་བསམ་ཚུལ་མེད་པར་གྲོས་མོལ་བྱས་པ་ཞིག་ཡིན། ཁོང་གིས་ཏ་ལི་བྷན་གྱི་གྲོས་མོལ་བྱེད་མཁན་གཙོ་བོ་དང་ཐུག་འཕྲད་ཀྱིས་གྲོས་མཐུན་དེ་བརྟན་པོ་བཟོས།
ཕྱི་ལོ་༢༠༢༠ ལོ་ཊོམ་ཕུའི་སྲིད་གཞུང་གིས་ཏ་ལི་བྷན་དང་ལྷན་དུ་ཨ་རིའི་དམག་དཔུང་དག་ཕྱི་ལོ་༢༠༢༡ ཟླ་༥ པའི་སྔོན་ལ་ཕྱིར་འཐེན་བྱེད་རྒྱུའི་ཆིངས་ཡིག་གཅིག་བཞག་ཡོད་འདུག ཡིན་ཡང་། ཕྱི་ལོ་༢༠༢༠ ཕྱི་ཟླ་༡༡ ནང་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་སྲིད་འཛིན་ཊོམ་ཕུ་ལ་ཕམ་ཉེས་བྱུང་ཡོད་པར་བརྟེན། སྲིད་འཛིན་གསར་པ་བྷ་ཌན་གྱིས་སྲིད་འཛིན་ཟུར་པའི་ཁས་ལེན་ལྟར། དུས་བཀག་ནང་ཚུད་དམག་དཔུང་དག་ཕྱིར་འཐེན་བྱེད་ཐབས་བྱས། ཕྱི་ཟླ་༥ པའི་དུས་བཀག་ཡོལ་བ་དང་། ཏ་ལི་བྷན་གྱིས་དྲག་རྒོལ་ཤུགས་ཆེན་བྱས་ནས་ཨབ་གྷ་ནི་སི་ཐན་གྱི་ས་ཁུལ་མང་པོ་བཙན་བཟུང་བྱས། སྐབས་དེར་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་དམག་མི་ཚང་མ་ཕྱི་ལོ་༢༠༢༡ ཟླ་༩ ཚེས་༡༡ ཉིན་ཨ་རི་ལ་གཏོར་རྒོལ་བྱུང་ནས་ལོ་ངོ་ཧྲིལ་པོ་ཉི་ཤུ་འཁོར་པའི་དུས་དྲན་གྱི་སྔ་རོལ་དུ་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ། དུས་དེ་ནས་བཟུང་ཏ་ལི་བྷན་གྱིས་དྲག་རྒོལ་སྔར་ལས་ཤུགས་ཆེ་རུ་བཏང་ནས་ཁ་བྷུལ་གྲོང་ཁྱེར་དབང་དུ་བསྒྱུར་ཞིང་། ཡུལ་དེར་ཟང་ཟིང་གི་གནས་སྟངས་བྱུང་དང་འབྱུང་བཞིན་ཡོད་འདུག

ཨི་སི་རེལ།
སྲིད་འཛིན་ཟུར་པ་ཊོམ་ཕུ་ཨ་རིའི་སྲིད་འཛིན་ཡིན་པའི་སྐབས། ཁོང་གིས་ཨི་སི་རེལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་འདུག ཁོང་གིས་ཕྱི་འབྲེལ་སྲིད་ཇུས་ཀྱི་ཉམས་མྱོང་ཅན་མང་པོའི་ལམ་སྟོན་ལ་མ་བརྩིས་པར་ཕྱོགས་གཅིག་རྐྱང་པས་ཨ་རིའི་ཨི་སི་རེལ་གྱི་གཞུང་ཚབ་ཁང་དེ་ཊེལ་ཨེ་ཝི་(Tel Aviv) ་ནས་ཇེ་རུ་ས་ལེམ་ལ་སྤོ་རྒྱུའི་ཐག་གཅོད་བྱས། ཨི་སི་རེལ་དང་པ་ལི་སི་ཐན་གཉིས་ཀས་གྲོང་ཁྱེར་དེའི་བདག་དབང་རྩོད་ལེན་བྱེད་ཀྱི་ཡོད་པར་བརྟེན། ཨ་རིའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་གཉིས་ཀས་གོམ་པ་དེ་འདྲ་ཞིག་སྤོ་རྒྱུར་ཁས་ལེན་བྱས་མེད་པ་རེད་འདུག
དེ་བཞིན་སྲིད་འཛིན་ཟུར་པ་ཊོམ་ཕུས་ཨི་སི་རེལ་ལ་གྷོ་ལན་ཧའེ་ཊེ་(Golan Heights) ་ཞེས་པའི་ས་ཆའི་བདག་དབང་ཡོད་པར་ངོས་འཛིན་བྱས་ཡོད་འདུག ས་ཁུལ་དེ་ནི་ཨི་སི་རེལ་གྱིས་ཕྱི་ལོ་༡༩༦༧ ལོར་དབུས་ཤར་དམག་འཁྲུག་སྐབས་བཙན་བཟུང་བྱས་པ་ཞིག་ཆགས་ཡོད་འདུག་པ་དང་། ཨ་རིའི་སྲིད་གཞུང་སྔ་ཕྱིས་ས་ཁུལ་དེའི་སྐོར་ལངས་ཕྱོགས་ཤིག་བཟུང་མེད་པ་ཡིན་འདུག སྲིད་འཛིན་གསར་པ་བྷ་ཌན་གྱིས་ཊོམ་ཕུའི་ལངས་ཕྱོགས་དེ་དག་ཐམས་ཅད་ལ་རྒྱབ་འགལ་བྱས་ཡོད་འདུག གཞན་ཡང་སྲིད་འཛིན་ཟུར་པས་ཨ་རིའི་པ་ལི་སི་ཐན་གྱི་སྐྱབས་བཅོལ་བ་ཚོར་རོགས་སྐྱོར་བྱེད་མཚམས་བཞག་པ་དང་པ་ལི་སི་ཐན་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ལས་འཆར་སོགས་མཚམས་འཇོག་བྱས་ཡོད་འདུག
ད་ལྟའི་ཆར་སྲིད་འཛིན་ཟུར་པ་ཊོམ་ཕུས་གལ་སྲིད་ཁོང་ཕོ་བྲང་དཀར་པོའི་ནང་ཡོད་ན། ཨི་སི་རེལ་དང་ཧ་མ་སིའི་དམག་འཁྲུག་དེ་ནམ་ཡང་འབྱུང་མི་སྲིད་ཅེས་བརྗོད་ཀྱང་། གནས་ཚུལ་དབྱེ་ཞིབ་པ་ཚོས་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུས་པ་ལི་སི་ཐན་དང་འབྲེལ་ཐག་རིང་དུ་བཏང་བ་དེ་ཨི་སི་རེལ་དང་ཧ་མ་སིའི་དམག་འཁྲུག་གི་རྐྱེན་དུ་གྱུར་ཡོད་པ་རེད་ཅེས་བརྗོད་འདུག་པས། ཊོམ་ཕུས་དམག་འཁྲུག་དེ་སྔོན་འགོག་བྱེད་ཐུབ་ཡོད་མེད་ཤེས་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད་འདུག

ཡེ་མེན།

ཊོམ་ཕུའི་སྲིད་གཞུང་བརྗེ་ལ་ཉེ་བའི་སྐབས་སུ། ཨི་རན་གྱིས་རྒྱབ་སྐྱོར་བྱེད་པའི་ཡེ་མེན་གྱི་ཧའོ་ཐི་(Houthi) ་ངོ་ལོག་པ་རྣམས་”ཕྱི་རྒྱལ་གྱི་དྲག་སྤྱོད་རིང་ལུགས་ཀྱི་ཚོགས་པ་”ཞིག་ཡིན་པར་ཐག་གཅོད་བྱས། རོགས་སྐྱོར་ཚོགས་པ་མང་པོས་ཐག་གཅོད་དེས་ཡེ་མེན་གྱི་འགྲོ་བ་མིའི་གནས་སྟངས་ཛ་དྲག་དང་ཇེ་སྡུག་ཏུ་གཏོང་རྒྱུ་ཡིན་པར་བཤད་ནས་སྐྱོན་བརྗོད་བྱས།
བྷ་ཌན་གྱི་སྲིད་གཞུང་གིས་ས་གནས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་བཟུང་ནས་ཐག་གཅོད་དེ་ཕྱིར་བསྡུ་བྱས་ཀྱང་། དེས་འབྲས་བུ་སྣ་ཚོགས་ཤིག་བྱུང་ཡོད། ཛ་དྲག་གནས་སྟངས་མུ་མཐུད་བཞིན་པའི་ངང་། ཧའོ་ཐི་ཚོས་ཡེ་མེན་ནང་ཁུལ་དང་སོ་དྷི་ཨ་རབ་ལ་རྒོལ་རྡུང་མུ་མཐུད་བྱས་ཤིང་། ལོ་སྔོན་མ་གྷ་ཛའི་དམག་འཁྲུག་བྱུང་བ་ནས་བཟུང་ཁོང་ཚོས་ཨི་སི་རེལ་དང་ཨ་རི། དབྱིན་ཇི། དེ་བཞིན་ནུབ་ཕྱོགས་པའི་མཚོ་དམར་པོའི་འགྲིམ་འགྲུལ་གྱི་ཁེ་ཕན་ལ་རྒོལ་རྡུང་ཤུགས་ཆེ་རུ་བཏང་ཡོད་འདུག།

ཨི་རན།

ཕྱི་ལོ་༢༠༡༥ ལོའི་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གྲོས་མཐུན་དེ་ནི་སྲིད་འཛིན་ཟུར་པ་ཨོ་བྷ་མའི་སྲིད་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་བྱས་ཀྱང་། ཕྱི་ལོ་༢༠༡༦ ལོ་སྲིད་འཛིན་ཟུར་པ་ཊོམ་ཕུས། གྲོས་མཐུན་དེ་ནི་ཨ་རིས་གྲོས་མོལ་བྱས་པའི་ཆིངས་ཡིག་སྡུག་ཤོས་དེ་རེད་ཅེས་བརྗོད། གྲོས་མཐུན་ནང་ཨ་རིས་བཀག་སྡོམ་བྱས་པའི་ཨི་རན་གྱི་ཨ་སྒོར་ཐེར་འབུམ་མང་པོ་གློད་རྒྱུ་དང་། དེའི་ཚབ་ཏུ་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆའི་ལས་གཞི་ལ་ཚོད་འཛིན་བྱེད་རྒྱུ་སོགས་བཀོད་ཡོད་འདུག སྲིད་འཛིན་ཟུར་པས་གྲོས་མཐུན་དེས་ཨི་རན་ལ་ཁེ་ཕན་སྤྲད་ཡོད་པ་དང་། གྲོས་མཐུན་གྱི་དུས་ཡུན་རྫོགས་རྗེས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་པའི་ལམ་ཁ་བཟོས་པ་རེད་ཅེས་བརྗོད།
ཕྱི་ལོ་༢༠༡༨ ལོར་ཊོམ་གྱིས་གྲོས་མཐུན་ནས་ཕྱིར་འཐེན་བྱས་ཏེ་ཨི་རན་ལ་གནོན་ཤུགས་སྤྲོད་ཐབས་བྱས་ཤིང་། ཨི་རན་གྱི་ཚོགས་སྡེ་ཁག་ལ་དཔལ་འབྱོར་གྱི་ཉེས་ཆད་གསར་པ་ནུས་པ་ཆེ་བ་མང་པོ་བཅད་ཡོད་འདུག ཉེས་ཆད་དེ་དག་གི་དམིགས་འབེན་གཙོ་བོ་ཞིག་ནི་ཁ་ཆེའི་གསར་བརྗེའི་སྲུང་དམག་(Islamic Revolutionary Guard Corps)  ཡིན་ཞིང་། སྲིད་འཛིན་ཊོམ་ཕུས་ཚོགས་པ་དེ་ནི་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ཞིག་ལ་ངོས་འཛིན་བྱས་ཡོད་འདུག གང་ཡིན་ཟེར་ན། ཚོགས་པ་དེས་ཨི་རག་དང་སི་རི་ཡ། ཡེ་མེན། ལེ་བྷ་ནོན་བཅས་དབུས་ཤར་ཡུལ་གྲུ་ཀུན་ཏུ་ཨ་རི་དང་ཨི་སི་རེལ་ལ་རྒྱབ་གཏོད་བྱེད་མཁན་གྱི་ཚོགས་པ་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རེད།
ལྷག་པར་དུ་ཕྱི་ལོ་༢༠༢༠ ལོ་ཊོམ་སྲིད་གཞུང་གིས་(Baghdad) ་ཞེས་པའི་གནམ་ཐང་དུ་གནམ་རྒོལ་བྱས་ནས་ཁ་ཆེའི་གསར་བརྗེའི་དམག་དཔོན་ཞིག་བསད་པར་བརྟེན། ཨི་རན་གྱི་དཔོན་རིགས་ཚོས་ཊོམ་གཙོས་པའི་འགོ་ཁྲིད་མཐོ་གྲས་འགའ་ལ་འཁོན་ལན་སློག་རྒྱུའི་འཇིགས་སྐུལ་བྱས་དང་བྱེད་བཞིན་ཡོད་འདུག ཨ་རིའི་གཞུང་གིས་ཊོམ་ཕུའི་ཚེ་སྲོག་ལ་ཨི་རན་གྱིས་འཇིགས་སྐུལ་བྱས་པ་ཤེས་རྟོགས་བྱུང་རྗེས། བདེ་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ཀྱང་།  ཉེ་ཆར་ཊོམ་ཕུ་ལྐོག་གསོད་བྱེད་རྩིས་བྱས་པ་དང་ཨི་རན་གྱི་འཇིགས་སྐུལ་བར་འབྲེལ་བ་མེད་པར་བརྗོད་འདུག
སྲིད་འཛིན་བྷ་ཌན་གྱིས་འགན་བཞེས་རྗེས། ཨི་རན་དང་རྡུལ་ཕྲན་མཚོན་ཆའི་གྲོས་མཐུན་བསྐྱར་གསོ་བྱེད་ཐབས་བྱས་ཡོད་པ་དང་། དེ་ནི་ཁོང་གིས་དམག་འཁྲུག་མེད་པའི་ཐོག་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་པ་འགོག་ཐབས་ཡག་ཤོས་དེ་རེད་ཅེས་བརྗོད། ཁོང་གིས་ད་དུང་སྲིད་འཛིན་ཟུར་པ་ཊོམ་གྱིས་ཉེས་ཆད་བཅད་པ་ཁ་ཤས་མེད་པ་བཟོས་ཡོད་འདུག་ཀྱང་། གྲོས་མཐུན་བསྐྱར་གསོ་ཐུབ་མེད་པ་རེད་འདུག ལྷག་པར་དུ་ཕྱི་ལོ་༢༠༢༣ ཟླ་༨ པའི་ནང་། བྷ་ཌན་སྲིད་གཞུང་གིས་ལྷོ་ཀོ་རི་ཡའི་ནང་དུ་བཀག་སྡོམ་བྱས་པའི་ཨི་རན་གྱི་མ་དངུལ་ཨ་སྒོར་ཐེར་འབུམ་༦ ཁ་ཐར་དངུལ་ཁང་དུ་གཏོང་རྒྱུ་དང་། དེའི་ཚབ་ཏུ་ཨི་རན་གྱིས་བཀག་ཉར་བྱས་ཡོད་པའི་ཨ་རིའི་མི་ལྔ་གློད་བཀྲོལ་གཏོང་རྒྱུའི་གྲོས་མཐུན་ཞིག་བཞག་ཡོད་འདུག སྤྱི་མཐུན་ཚོགས་པས་གྲོས་མཐུན་དེས། ཨི་རན་གྱིས་འཇིགས་སྐུལ་རིང་ལུགས་ལ་རོགས་སྐྱོར་བྱེད་རྒྱུ་ལ་ཕན་ཐོགས་ཡོད་ཅེས་བརྗོད་ནས་གྲོས་མཐུན་དེར་སྐྱོན་བརྗོད་དྲག་པོ་བྱས་འདུག

བྱང་ཀོ་རི་ཡ།

ཊོམ་ཕུ་སྲིད་འཛིན་དུ་འདེམས་ཐོན་བྱུང་སྐབས། ཁོང་གི་སྔོན་གྱི་སྲིད་འཛིན་ཨོ་བྷ་མས་བྱང་ཀོ་རི་ཡ་དང་དེའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ནི་ཨ་རི་ལ་ཉེན་ཁ་ཆེ་ཤོས་ཡིན་པ་ཁོང་ལ་བཤད། ཊོམ་སྲིད་སྟེགས་ཐོག་འགན་བཞེས་ནས་ཟླ་བ་ཁ་ཤས་ཀྱི་རིང་། བྱང་ཀོ་རི་ཡའི་ཉེན་ཁ་ཇེ་ཆེར་སོང་བ་དང་། ཕྱི་ལོ་༢༠༡༧ ལོར་བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཅིག་ལ་སྙོབ་པའི་རིང་མདའ་ཚོད་ལྟ་བྱས་ཡོད་འདུག
ལོ་དེའི་ཕྱི་ཟླ་༩ པའི་ནང་གནས་སྟངས་ཛ་དྲག་ཏུ་གྱུར་པ་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨོན་ལ་(Little Rocket man) ་རྡུལ་ཕྲན་མཚོན་ཆའི་མི་ཆུང་ཞེས་འབོད་འགོ་བཙུགས་པ་དང་། ཨ་རིར་རྒོལ་རྡུང་གང་ཞིག་བྱས་ན་ཡང་། འཇིག་རྟེན་འདིར་སྔར་མ་མཐོང་བའི་མེ་དང་ཁོང་ཁྲོ། དེ་བཞིན་སྟོབས་ཤུགས་བཅས་ཀྱིས་ཁ་གཏད་གཅོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།
ཟླ་བ་འགའ་ཤས་རྗེས་སུ། ཕྱོགས་གཉིས་ཀས་གནས་སྟངས་ཞི་འཇམ་དུ་གཏོང་རྒྱུར་མོས་མཐུན་བྱུང་བ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་འདུ་ཁག་ཅིག་བརྒྱུད་ནས་ཕྱི་ལོ་༢༠༡༨ ཟླ་༦ པར་སིང་ག་པོར་དུ་ཊོམ་ཕུ་དང་ཀེམ་གཉིས་ཐེངས་དང་པོར་ཐུག་འཕྲད་བྱེད་རྒྱུའི་རྨང་གཞི་བཏིང་། དེ་རྗེས་ཐེངས་གཉིས་ཐུག་འཕྲད་བྱུང་། ཚོགས་འདུ་དེ་དག་གི་འབྲས་བུར་བྱང་ཀོ་རི་ཡས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་བྱས་ཀྱང་། རྒྱུན་གནས་ཐུབ་པའི་གྲོས་མཐུན་ཞིག་འཇོག་ཐབས་བྱས་པ་དེ་མ་འདང་བ་རེད། བྷ་ཌན་སྲིད་འཛིན་ཆགས་རྗེས། བྱང་ཀོ་རི་ཡས་འཕུར་མདའི་ཚོད་ལྟ་བསྐྱར་དུ་འགོ་བཙུགས་ཡོད་འདུག

རྒྱ་ནག

སྲིད་འཛིན་ཟུར་པ་ཊོམ་ཕུས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་པོ་བཟུང་ནས། རྒྱ་གཞུང་ལ་ཚོང་ཁྲལ་བསྡུས་པ་དང་ཚོང་འབྲེལ་གྱི་ཉེས་ཆད་བཅད། དེ་བཞིན་རྒྱ་ནག་གི་ཕྱི་འབྲེལ་མི་སྣར་སོ་མྱུལ་བྱས་པའི་ཉེས་འཛུགས་བྱས་པ་དང་། ཏོག་དབྱིབས་གཉན་རིམས་ཁྱབ་པ་ཀྱི་འགན་རྒྱ་ནག་ལ་གཡུགས་ཡོད་འདུག
སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་དང་མཐུན་ཐབས་བྱས་ཤིང་། རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་ཐེངས་ཁ་ཤས་བྱས་ཡོད་འདུག ཡིན་ཡང་། ད་ལྟའི་ཆར་བྷ་ཌན་སྲིད་གཞུང་ནས་རྒྱ་གཞུང་གིས་ཨུ་རུ་སུའི་རྒྱལ་སྲུང་བཟོ་ལས་ལ་རྒྱབ་སྐྱོར་བྱས་ཏེ། ཨུ་རུ་སུས་ཡུག་རེན་ལ་དྲག་རྒོལ་མུ་མཐུད་པ་དང་ཤུགས་ཆེ་རུ་གཏོང་དུ་བཅུག་ཡོད་པར་སྐྱོན་འཛུགས་བྱེད་བཞིན་ཡོད་འདུག
སྲིད་འཛིན་ཟུར་པ་ཊོམ་ཕུས་ཨ་རི་དང་ཐའེ་ཝན་དབར་གྱི་འབྲེལ་ལམ་ཡར་རྒྱས་བཏང་ཞིང་། ཕྱོགས་གཉིས་ཀྱི་མཐོ་རིམ་དཔོན་རིགས་དབར་གྱི་ཐུག་འཕྲད་ཇེ་མང་དུ་བཏང་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོར་རྒྱ་ནག་གིས་དྲག་ཤུགས་ཇེ་ཆེར་གཏོང་བཞིན་པར་སྐྱོན་བརྗོད་ནན་པོ་དང་། ཧོང་ཀོང་གི་གནད་དོན་དང་ཤར་ཏུར་ཀི་སི་ཐན་ནང་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་འདུག སྲིད་འཛིན་བྷ་ཌན་གྱིས་ཀྱང་གནད་དོན་དེ་དག་གི་ཐོག་ལ་འདོད་ཚུལ་འགྱུར་བ་གང་ཡང་བཏང་མེད་པ་རེད་འདུག

ཡུ་རོབ་དང་ཨུ་རུ་སུ། ཡུག་རེན་དང་ནེ་ཊོ།

ཊོམ་སྲིད་འཛིན་དུ་འདེམས་ཐོན་བྱུང་དུས། ཕྱི་ལོ་༢༠༠༨ ལོར་ཨུ་རུ་སུས་ཇོར་ཇི་ཡའི་མཐའ་མཚམས་ས་ཁུལ་གཉིས་བཙན་བཟུང་བྱས་པ་དང་། ཕྱི་ལོ་༢༠༡༤ ལོར་ཡུག་རེན་གྱི་རྩ་ནས་ཁེ་རི་མན་བདག་བཟུང་བྱས་པའི་གནས་སྟངས་ཤིག་ད་དུང་ལྷག་ཡོད། ཊོམ་ཕུས་རང་ཉིད་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀྱི་སྒེར་གྱི་འབྲེལ་བས་གནད་དོན་དེ་དག་སེལ་ཐུབ་པའི་ཡིད་ཆེས་བྱས་ཡོད་པ་དང་། ད་དུང་ཡང་བྱེད་བཞིན་ཡོད་པར་སྣང་ཡང་། ཁོང་གཉིས་ཀས་གནད་དོན་དེ་དག་སེལ་ཐུབ་མེད་པ་རེད་འདུག
ཊོམ་ཕུས་ཡུག་རེན་ལ་གོ་མཚོན་འགའ་ཤས་སྤྲད་བཅུག་ཡོད་ནའང་། ཁོང་གིས་ཡུག་རེན་ལ་བྷ་ཌན་གྱི་ནང་མི་ཚོར་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་བྱེད་དགོས་པའི་བཙན་ཤེད་བྱས་པ་དང་། དམག་དོན་རོགས་སྐྱོར་འཕར་མ་བཀག་བསྐྱིལ་བྱས་པ་བཅས་ལ་བརྟེན་ནས་ཨ་རི་དང་ཡུག་རེན་གྱི་འབྲེལ་བར་གནོད་སྐྱོན་བྱུང་ཡོད། དེས་རྐྱེན་པས་ཨ་རིའི་ནང་ཊོམ་ལ་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཁྲིམས་འགལ་ཉེས་འཛུགས་ཐེངས་དང་པོ་དེ་བྱས་ཡོད་འདུག།
ཊོམ་ཕུས་ནེ་ཊོ་དང་། ཡུ་རོབ། དེ་བཞིན་ཨེ་ཤེ་ཡའི་ནང་གི་ཨ་རིའི་མཉམ་འབྲེལ་རྒྱ་ཆེ་བ་རྣམས་ལ་ཡང་དོགས་པ་ཧ་ཅང་ཆེན་པོ་བྱས་ཡོད། ཁོང་གིས་ནེ་ཊོའི་ཚོགས་མི་མང་པོས་རྒྱལ་ནང་གི་ཡོང་འབབ་ཀྱི་བརྒྱ་ཆ་༢% ་ཡན་རྒྱལ་སྲུང་སྐྱོབ་ཆེད་དུ་གཏོང་རྒྱུའི་ཁས་ལེན་བསྒྲུབས་པར་ཡང་ཡང་བསྔགས་བརྗོད་བྱས་ཡོད། འོན་ཀྱང་དམིགས་ཚད་དེ་སྒྲུབ་པའི་མཉམ་འབྲེལ་རྒྱལ་ཁབ་༢༣ ་ཡོད་པའི་ཁྲོད་ནས་མང་པོ་ཞིག་གིས་བྷ་ཌན་སྲིད་འཛིན་ཡིན་པའི་སྐབས་སུ་བསྒྲུབས་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།