དཀར་མཛེས་རྫོང་དུ་བོད་མི་༩ ལ་“ཁ་བྲལ་བ་”ཡིན་པའི་ཁྲིམས་ཐག་བཅད་པ། 

ཟླ་འདིའི་ཚེས་༡༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་དང་། བཙོན་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དྷུའུ་ཧུའུ་(Duihua) ཡིས་གནས་ཚུལ་སྤེལ་བ་ལྟར་ན། དཀར་མཛེས་རང་སྐྱོང་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་འདི་ལོའི་ཕྱི་ཟླ་༦ པ་ནས་བཟུང་བོད་མི་༩ ལ་“ཁ་བྲལ་བ་”ཡིན་པའི་ཁྲིམས་ཐག་བཅད་འདུག 

“ཁ་བྲལ་བ་”ཞེས་པའི་ཐ་སྙད་འདི་ནི་རྒྱ་ནག་གིས་སོ་སོའི་སྒེར་གཅོད་གཞུང་གི་ལྟ་བ་དང་ཁེ་ཕན་དང་མི་མཐུན་པའི་མི་སྣ་རྣམས་ཁྲིམས་ཐོག་ནས་རྩ་མེད་བཟོ་བྱེད་དུ་བཀོལ་བའི་ཚིག་ཅིག་ཡིན་ཏེ། བོད་དུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སོགས་ལ་སྨན་པའི་ལས་འགུལ་སྤེལ་མཁན་ཤེས་འཇོན་ཅན་རྣམས་ལ་“ཁ་བྲལ་བ་”ཞེས་པའི་ནག་ཉེས་གཡོགས་ནས་འབུར་འཇོམས་བྱེད་ཀྱི་ཡོད། 

བཙོན་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེས་སྤེལ་བའི་གནས་ཚུལ་ནང་། བོད་མི་དགུ་པོའི་མིང་དང་། ཉེས་པ་གང་ཞིག་གི་འོག་ཏུ་ཁྲིམས་ཐག་བཅད་པ། ཁྲིམས་ཐག་གཅོད་པའི་ཚེས་གྲངས་བཅས་ལས། བོད་མི་དེ་དག་གི་ལོ་དང་། འཛིན་བཟུང་གི་དུས་ཚོད། ཁྲིམས་ཞིབ་ཀྱི་བརྒྱུད་རིམ། ཁྲིམས་ཐག་གི་དུས་ཡུན་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་རྟོགས་བྱུང་མེད་པས། གལ་སྲིད་ཤེས་མཁན་ཡོད་ན་ཁོ་ཚོར་འབྲེལ་གཏུག་བྱེད་དགོས་པའི་རེ་སྐུལ་བྱས་འདུག 

ཚོགས་པ་དེས་“རྒྱ་ནག་གཞུང་གི་ཁུངས་ལྡན་གནས་ཚུལ་”གཞི་རུ་བཞག་ནས་ཁྲིམས་ཐག་བཅད་པའི་བོད་མི་དགུ་པོ་དེ་དག་གི་མིང་དང་ཁྲིམས་ཐག་གི་ཚེས་གྲངས་བཀོད་པ་རྣམས་གཤམ་གསལ་ལྟར་རོ།
ཆོས་དར་ཕྱི་ཟླ་༨ ཚེས་༣༡ ཉིན་ཁྲིམས་ཐག་བཅད། 

སྒྲོལ་མ་ཚེ་རིང་དང་། གྲགས་པ། ཚེ་རིང་ཡི་ཤེས་གསུམ་པོ་ཕྱི་ཟླ་༨ ཚེས་༢༨ ཉིན་ཁྲིམས་ཐག་བཅད། 

སྤེན་པ་དང་། ནམ་མཁའ་རྒྱལ་མཚན། པདྨ་ཚེ་ཐར་གསུམ་པོ་ཕྱི་ཟླ་༨ ཚེས་༧ ཉིན་ཁྲིམས་ཐག་བཅད། 

བུ་ཕྲུག་(Bhutruk) ཕྱི་ཟླ་༧ ཚེས་༢ ཉིན་ཁྲིམས་ཐག་བཅད། 

བུ་ཐར་(Bhudhar)ཕྱི་ཟླ་༦ ཚེས་༣༠ ཉིན་ཁྲིམས་ཐག་བཅད། 

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེས་བརྗོད་པ་ལྟར་ན། ཁ་བྲལ་བའི་ནག་ཉེས་ཕོག་པའི་བོད་མི་དགུ་པོ་དེ་དག་ལས་གསུམ་ལ་ཁང་ཁྱིམ་མེ་སྲེག་བཏང་བའི་ནག་ཉེས་ཀྱང་ཕོག་འདུག་ཅིང་། དེ་དག་གསུམ་ནི་སྤེན་པ་དང་། ནམ་མཁའ་རྒྱལ་མཚན། པདྨ་ཚེ་ཐར་བཅས་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།