དཀོན་མཆོག་མིག་དམར་བསྐྱར་དུ་རྡ་སའི་ས་གནས་འགོ་འཛིན་བདམས་ཐོན་བྱུང་།
རྡ་ས་ས་གནས་སུ་ས་གནས་འགོ་འཛིན་གྱི་འོས་གཞི་གཅིག་ལས་མེད་སྟབས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་དོན་བརྒྱད་པའི་ནང་གསེས་ག་པར་གསལ་བ་ལྟར། འོས་མི་དཀོན་མཆོག་མིག་དམར་དངོས་གཞིའི་འོས་བསྡུ་བརྒྱུད་མ་དགོས་པར་བསྐྱར་དུ་ས་གནས་འགོ་འཛིན་དུ་ཐད་ཀར་བདམས་ཐོན་བྱུང་འདུག

ཟླ་འདིའི་ཚེས་༢༠ ཉིན། རྡ་ས་ས་གནས་འགོ་འཛིན་གྱི་འོས་བསྡུའི་ས་ཚིགས་གཙུག་ལག་ཁང་དང་གངས་སྐྱིད། རྡ་སྟེང་བོད་ཁྱིམ། ཟློས་གར་ཚོགས་པ། སྨན་རྩིས་ཁང་། ཤུག་གསེབ་བཙུན་དགོན། ས་རྰ་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། ནོར་གླིང་བོད་ཀྱི་རིག་གཞུང་གཙེས་སྐྱོང་ཁང་། རྡ་ཤོད་བོད་ཁྱིམ། གོ་པལ་པུར་སློབ་གྲྭ། ཅ་མུན་ཌ་བཅས་སུ་རྡ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་དང་།
ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ནང་འོས་མི་ལས་ཐོག་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་དང་། འོས་མིར་མ་ལངས་ཀྱང་འོས་འཕངས་པ་ཚེ་རིང་དབྱངས་འཛོམས། བྱང་ཆུབ་རིན་ཆེན། བཀྲིས་ཆོས་འཕེལ། འཕྲིན་ལས་བྱམས་པ། ཚེ་རིང་ཕུན་ཚོགས་བཅས་བྱུང་བའི་ཁྲོད་ནས། ལས་ཐོག་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་འོས་གྲངས་༩༣༦ དང་། གཞན་གྱི་ནང་ནས་མཐོ་ཤོས་ཚེ་རིང་དབྱངས་འཛོམས་ལ་འོས་གྲངས་༢༧ བཅས་འདུག་པ་ལས། ལས་ཐོག་ས་གནས་འགོ་འཛིན་ལ་ཐེངས་འདིའི་རྒྱལ་ཁ་ཐོབ་འདུག

དེ་ཡང་ཟླ་འདིའི་ཚེས་༢༢ ཉིན། རྡ་ས་ས་གནས་འོས་བསྡུ་ལས་ཁང་གིས་ས་གནས་འགོ་འཛིན་གྱི་འོས་བསྡུ་དང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་དོན་བརྒྱད་པ་ནང་གསེས་ག་པ་༼ས་གནས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཁོངས་ནས་དགོངས་ཞུ་བྱས་རིགས་ཕུད། འོས་ཤོག་མང་ཐོན་རྩེ་བཏོག་གིས་འོས་གཞི་མི་གྲངས་༢ འདེམས་བསྒྲུགས་ཀྱིས་མཐའ་མའི་འོས་ཤོག་འཕེན་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང་། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་ས་གནས་འགོ་འཛིན་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ།༽ ཞེས་གསལ་བ་ལྟར་འདི་ག་ས་གནས་སུ་ས་གནས་འགོ་འཛིན་འོས་གཞི་གཅིག་ལས་མེད་སྟབས། དཀོན་མཆོག་མིག་དམར་ལགས་རྡ་ས་ས་གནས་འགོ་འཛིན་དུ་བསྐྱར་དུ་འདེམས་ཐོན་བྱུང་ཞེས་བཀོད་འདུག།
སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་ས་གནས་སོ་སོའི་ས་གནས་འགོ་འཛིན་དེ་འོས་བསྡུ་ལམ་ནས་འདེམས་དགོས་ཀྱི་ཡོད་ཀྱང་། ལ་དྭགས་དང་རྡ་ས་གཙོས་པའི་ས་གནས་ཁག་དྲུག་ལས་གཞན་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་ས་གནས་འགོ་འཛིན་འོས་བསྡུ་བྱེད་ཐུབ་ཀྱི་མེད་པ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།