དཀྲོག་གཏམ་རྒྱབ་ཀྱི་དོགས་གཞི།

ཆེད་བརྗོད།

ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཅིག་ལ་བྱམས་པོ་གནང་བའི་བརྙན་པར་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་དང་། དེ་ལ་བརྟེན་ནས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུ་མཁན་གང་མང་ཞིག་བྱུང་ཞིང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེ་བྱུང་བས། དེ་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ཉེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཇལ་ཁ་ཞིག་སྩལ་བའི་སྐབས་བུ་ཆུང་ཞིག་གིས་༧གོང་ས་མཆོག་ལ་འཐམ་འཁྱུད་ཆོག་པའི་གནང་བ་ཞུས་པའི་བརྙན་ཐུང་ཞིག་དྲ་ལམ་ཐོག་གང་སར་འགྲོ་བཞིན་ཡོད་ཐད། བརྙན་ཐུང་དེའི་ནང་༧གོང་ས་མཆོག་གི་གསུང་བབས་ལ་བརྟེན་ནས་དོ་བདག་བུ་ཆུང་དང་། ཕ་མ་རྣམ་གཉིས། དེ་བཞིན་འཛམ་གླིང་གི་ཁྱོན་ལ་ཡོད་པའི་༧གོང་ས་མཆོག་གི་གྲོགས་པོ་རྣམ་པའི་ཐུགས་ལ་མི་བདེ་བའི་དོ་ཕོག་བྱུང་ཡོད་ཚེ། ༧གོང་ས་མཆོག་གིས་དེ་ལ་དགོངས་སེལ་ཡོད”ཅེས་དང་།

“སྤྱིར་མཇལ་ཁའི་སྐབས་ཐུགས་ལ་སྣང་བ་རྣམ་རྟོག་གི་ནོངས་པ་མེད་ཙང་། མཇལ་ཞུ་བར་སྐུ་རྩེད་ཀུ་རེ་གནང་བར་མ་ཟད། མི་དམངས་ཁྲོད་དང་པར་ཆས་ཀྱི་མདུན་དུའང་དེ་ལྟར་གནང་བཞིན་ཡོད་པ་མཁྱེན་གལ་ཆེ་བ་ཞུ་བ་དང་ཆབས་ཅིག ད་ལམ་གྱི་གནད་དོན་དེར་ཐུགས་ཕམ་གནང་བཞིན་ཡོད་”ཅེས་འཁོད་ཡོད་པ་རེད། དོན་དངོས་གོང་དུ་གསལ་བཤད་གསལ་བསྒྲགས་སུ་འཁོད་པ་བཞིན། ༧གོང་ས་མཆོག་གི་ཐུགས་ལ་རྣམ་རྟོག་གི་ནོངས་པ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་མ་གཅིག་པུས་བུ་ལ་བརྩེ་བ་ལྟར་བྱམས་བརྩེས་གཟིགས་སྟངས་གཅིག་མཚུངས་ཡིན་པས། གནང་སྟངས་ཁ་ཤས་ལ་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བ་དང་། ཡུལ་སྲོལ་གོམས་གཤིས་མི་འདྲ་བར་བརྟེན་མཐོང་སྟངས་མི་འདྲ་བ་ཡོང་སྲིད་པ་རེད། ལྷག་པར་དུ་དེང་དུས་ཆགས་སྤྱོད་དང་འབྲེལ་བའི་རྩོད་རྙོག་མང་པོ་ཞིག་ཡོང་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་སྐད་གྲགས་ཅན་གྱི་མི་སྣ་མང་དག་ཅིག་ལ་མིང་ཤས་བཟོ་རྒྱུའི་ཐབས་ཤེས་བྱེད་མཁན་ནི་འཛམ་གླིང་ཤར་ནུབ་ཀུན་ཏུ་ཧ་ཅང་མང་པོ་བྱུང་ཡོད།

ད་ལན་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གང་མང་ནང་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་ཡོང་གི་ཡོད་པ་དང་། དེ་ལ་བོད་མི་རྣམས་སེམས་ཚོར་ཆེན་པོས་རྣམ་འགྱུར་འདྲ་མིན་དང་། གསལ་བཤད་ལན་འདེབས་བྱེད་མཁན་ཡང་ཡོང་གི་འདུག འོན་ཀྱང་དོན་གནད་འདིའི་ཐུག་ས་གཙོ་བོ་༧གོང་ས་མཆོག་གི་ཐུགས་ལ་རྣམ་རྟོག་གི་ནོངས་པ་མེད་པ་དང་། ཀུན་སློང་གཙང་མ་གཙང་རྐྱང་ཞིག་གི་ཐོག་ནས་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ་གནང་བ་ཡིན་པའི་རྒྱུ་མཚན་གསལ་པོ་བཟོ་དགོས་པ། ལྷག་པར་དུ་བུ་ཆུང་དེ་རང་ངོས་ནས་༧གོང་ས་མཆོག་ལ་འཐམ་འཁྱུད་ཞུ་ཆོག་པའི་རེ་བ་ཞུས་པ་ཞིག་ཡིན་པ་བཅས་ཀྱི་རྒྱུ་མཚན་ར་སྤྲོད་གསལ་པོ་བཟོ་ཐུབ་དགོས་པ་ལས། ད་ལྟ་བུ་ཆུང་དེ་ལ་བྱམས་པོ་གནང་སྟངས་ལྟར་སྔོན་ཆད་ཀྱང་མང་པོ་གནང་ཡོད་ཅེས་པ་ལྟ་བུའི་འདྲ་པར་ཕྱོགས་སྒྲིག་གིས་འགྲེམས་སྤེལ་བྱེད་པ་ནི། ཀུན་སློང་གི་ཐོག་ནས་ལྷག་བསམ་རྣམ་དག་ཡིན་ནའང་། བྱེད་སྟངས་ཀྱི་ཐོག་ནས་ཆེད་དུ་དཀྲོག་གཏམ་སྤེལ་མཁན་རྣམས་ལ་རྒྱུ་མཚན་དེ་ལས་མང་བ་སྤྲད་པ་ལྟ་བུར་གྱུར་མེད་དམ་སྙམ།

ལོ་བཅུ་གྲངས་ཙམ་ནས་བཟུང་བོད་པའི་བླ་ཆེན་ཁག་ཅིག་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྐྱོན་བརྗོད་དང་སྒྲོ་འདོགས་ཀྱི་གནས་ཚུལ་མང་དག་ཅིག་སྤེལ་ནས། ནུབ་ཕྱོགས་ཀྱི་ཆོས་ཚོགས་ཁག་དང་ལྷག་པར་ཡུ་རོབ་ཁུལ་གྱི་བོད་པའི་ཆོས་བརྒྱུད་དང་འབྲེལ་བའི་ཆོས་ཚོགས་ཁག་ཏུ་སྐབས་དེར་སློབ་མ་ཉུང་དུ་སོང་བའི་གནས་ཚུལ་བྱུང་ཡོད། ད་ལན་དཀྲོག་གཏམ་འདི་ཡང་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནང་ཁྱབ་སྤེལ་ཤུགས་ཆེ་བྱེད་སྟངས་ལ་བལྟས་ན། ལས་འཆར་དེ་དང་ཁ་ཕྱོགས་འདི་ལ་བརྟེན་ནས་བྱུང་མེད་དམ་སྙམ་པའི་དོགས་པ་འདུག རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་དར་ཁྱབ་ཤུགས་ཆེ་བྱུང་བར་བརྟེན་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་པ་དང་། ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་ལ་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། ལས་འགུལ་འདི་ཡོང་གི་ཡོད་པའི་རྣམ་པ་འདུག་ལ། ཤུགས་རྐྱེན་ཆེ་བའི་བླ་ཆེན་མང་པོ་ནུས་པ་མེད་པ་བཟོས་ཟིན་པ་དང་། ༧གོང་ས་མཆོག་ལའང་མཚན་སྨོད་སྐུར་འདེབས་བྱས་ནས་ནུས་ཤུགས་གཅོག་ཐབས་བྱེད་བཞིན་པ་གསལ་པོ་རེད།

མདོར་ན་༧གོང་ས་མཆོག་གིས་གཙོས་བོད་ཕྱི་ནང་གི་བླ་སྤྲུལ་སྐྱེས་ཆེན་དུ་མ་ཞིག་གི་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་བོད་བརྒྱུད་ནང་བསྟན་དར་འཕེལ་དང་ཤུགས་རྐྱེན་ཆེན་པོ་བྱུང་བས། ཆོས་སྲིད་གང་ཐད་ནས་འགོག་རྐྱེན་བཟོ་མཁན་ཡོད་ངེས་པ་དང་། ཕྱོགས་གཅིག་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདི་ལྟ་བུའི་གནས་ཚུལ་སྤེལ་ན་ལྟ་ཉན་བྱེད་མཁན་མང་དུ་འགྲོ་བའི་རྒྱུ་མཚན་ལ་བརྟེན་ཚོང་ལས་ཀྱི་བསམ་བློའི་ཐོག་ནས་ཀྱང་ཡོང་སྲིད་པ་རེད། གཙོ་བོ་དགའ་ལྡན་ཕོ་བྲང་གི་སྐུ་འཁོར་རྣམ་པས་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་དམིགས་གསལ་གཅེས་ཉར་ལྟ་བུར་གནང་སྲོལ་ཡོད་པ་དང་། ད་ལན་ཡང་བརྙན་ཐུང་འདིའི་འབྱུང་ཁུངས་གང་ནས་བྱུང་བ་ཚང་མས་ཤེས་པས། སྐུ་འཁོར་རྣམ་པ་བོད་པ་ནང་ཁུལ་གྱི་འཐེན་འཁྱེར་ཙམ་ལས་༧གོང་ས་མཆོག་ལ་མཚན་ཤས་འགྲོ་སྲིད་མིན་སོགས་ལ་དགོངས་པ་བཞེས་མ་ཐུབ་པ་ནི། འབྲེལ་ཡོད་ཚང་མའི་འཐུས་ཤོར་ཆེན་པོ་ཞིག་ཏུ་གྱུར་ཡོད་པས་མ་འོངས་པར་དགོངས་བཞེས་གནང་དགོས་པ་གལ་ཆེན་པོར་གྱུར་ཡོད།།