དཀྲོག་གཏམ་རྒྱབ་ཀྱི་ལག་པ་དམར་པོ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༡ ཕྱི་ལོ་ ༢༠༡༥/༩/༢༣
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལོ་ལྔ་ཚན་རེའི་མཚམས་སུ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་གཉིས་བྱེད་བཞིན་ཡོད་པ་དང། ད་ལན་ཡང་ལོ་ལྔ་རེའི་མཚམས་ཀྱི་འོས་བསྡུ་ཆེན་མོ་དེ་གཉིས་མཉམ་གཅིག་ཏུ་འགོ་འཛུགས་བྱས་སོང། འོས་བསྡུའི་དྲིལ་བསྒྲགས་བྱེད་མཁན་ཚོའི་ངོས་ནས་བརྙན་ཐུང་དང། ཚོན་ལྡན་དང་ཚོན་ལྡན་མིན་པའི་སྦྱར་ཡིག་དང་ལྟེབ་ཤོག བརྒྱུད་ལམ་ཁག་གི་ནང་དུ་ཁྱབ་བསྒྲགས་དང། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ཏུ་གསལ་བསྒྲགས་སྣ་ཚོགས་སྤེལ་བཞིན་འདུག་ལ། འོས་མི་སོ་སོའི་མིང་ཐོག་དང། རྒྱབ་སྐྱོར་བའི་མིང་ཐོག་སོགས་འདྲ་མིན་སྣ་ཚོགས་ཀྱིས་བཙན་བྱོལ་བོད་མི་སྡོད་གནས་ཀྱི་ས་ཁུལ་མང་ཆེ་བ་ཁྱབ་ཡོད་ཅེས་བརྗོད་ཆོག དེ་ལྟར་བྱེད་པ་དེ་རང་ཉིད་ཀྱི་ཐོབ་ཐང་དང་འོས་བབས་ཡོད་པ་ཞིག་ཏུ་གྱུར་ཡོད་པས་སུ་གཅིག་གིས་དེ་ལྟར་བྱེད་ཆོག་དང་མི་ཆོག་ཅེས་བརྗོད་དཀའ་བ་ཞིག་ཏུ་གྱུར་ཡོད། འོན་ཀྱང་དྲིལ་བསྒྲགས་དེ་དག་ཚུལ་མཐུན་ཚད་ལྡན་འབའ་ཞིག་ལས། འུད་སྒྲོག་དང་རྫུན་གཏམ་གྱིས་མི་མང་མགོ་སྐོར་གཏོང་ཐབས་མི་བྱེད་པར་འོས་མི་དང་རྒྱབ་སྐྱོར་བ་རྣམས་ལ་འགན་ཁུར་ཡོད།
སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་<<བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི>>དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་༩ པ་ནང་ལམ་སྟོན་ཁ་གསལ་དགོས་ཞེས་གསལ་བ་བཞིན། ཉེ་ཆར་འོས་བསྡུ་ལས་ཁང་ནས་དྲིལ་བསྒྲགས་སྐབས་འགྲོ་སོང་ཅི་ཙམ་གཏོང་ཆོག་མིན་གྱི་ཚད་གཞི་དང་རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་སྐབས་༧གོང་ས་མཆོག་གི་སྐུ་པར་དང། བོད་ཀྱི་རྒྱལ་དར་བེད་སྤྱོད་མི་ཆོག་ཚུལ་སོགས་དང། དེ་དག་ཚུལ་བཞིན་མ་བྱས་ན་འོས་ཤོག་གི་བརྒྱ་ཆ་གཅོག་འཐེན་བྱེད་རྒྱུ་ཡིན་ཚུལ་བཅས་བསྒྲགས་འདུག འོན་ཀྱང་འོས་བསྡུ་ལས་ཁང་གི་གཏན་འབེབས་དེ་དག་ལམ་སྟོན་ཙམ་ལས་འོས་བསྡུའི་སྒྲིག་གཞི་མིན་པ་མི་ཤེས་མཁན་དཔྱད་བརྗོད་སྤེལ་མཁན་གྱི་ནང་དུའང་ཡོད་ཚོད་དུ་སྣང། སྲིད་སྐྱོང་འོས་བསྡུ་དེ་ཕྱོགས་གཅིག་ནས་ཡུལ་གྱར་སྲིད་གཞུང་མི་འབོར་ཉུང་ཉུང་ཞིག་གི་འགོ་ཁྲིད་ཙམ་འོས་བསྡུ་ཡིན་ཡང། ཕྱོགས་གཞན་ཞིག་ནས་བཤད་ན་འཛམ་གླིང་འདིར་རྒྱ་ཆེ་ཤོས་ཀྱི་འོས་བསྡུ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག
རྒྱ་བལ་འབྲུག་གསུམ་ཙམ་མིན་པར། ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཨོ་སི་ཁྲུ་ལི་ཡ། ལྷོ་བྱང་ཨ་མི་རི་ཀ ཡུ་རོབ་ཁུལ་དང། ཨ་ཧྥི་རི་ཀ་སོགས་བོད་མི་གནས་སྡོད་བྱེད་ཡུལ་ཁག་ནས་འོས་བསྡུ་བྱེད་བཞིན་ཡོད་པར་བརྟེན། སྲིད་སྐྱོང་འོས་བསྡུའི་སྐབས་ས་གནས་དེ་དག་ཏུ་བསྐྱོད་ན་ཧིན་སྒོར་འབུམ་བརྒྱད་ཀྱིས་ལམ་གྲོན་ཙམ་ཡང་མི་འདེང་བས། ཚད་བཀག་འདི་ཉིད་ཧ་ཅང་ཉུང་དྲགས་པ་དང། སྤྱི་འཐུས་འོས་མི་ཞིག་གི་ངོས་ནས་ཧིན་སྒོར་འབུམ་གསུམ་ཙམ་འགྲོ་སོང་གཏོང་ཡུལ་མེད་པ་ལྟ་བུ་འདུག་ཀྱང། འོས་བསྡུ་ལས་ཁང་ལ་གཞི་འཛིན་ས་ཚད་ལྡན་ཞིག་ཡོད་ངེས་རེད། སྤྱིར་འོས་བསྡུའི་སྐབས་འགྲོ་སོང་གཏོང་རྒྱུའི་ཚད་གཞི་གལ་ཆེ་བ་བཞིན། འགྲོ་སོང་གི་ཡོང་ཁུངས་གཙང་མ་ཡིན་མིན་ནི་དེ་བས་ཀྱང་གལ་ཆེ། དཔེར་ན་གནས་ཡུལ་རྒྱ་གར་གཞུང་གི་འོས་བསྡུའི་ཆེན་མོའི་སྐབས་འོས་མི་དག་གི་རྒྱུ་ནོར་ཁ་དབང་གང་ཡོད་གསལ་སྟོན་དགོས་པ་ལྟར། འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་དག་གི་རྒྱུ་ནོར་དང་ཁ་དབང་ག་རེ་ཡོད་མེད་སྐོར་ལ་རྩད་ཞིབ་གང་ཡང་མེད་ན། འགྲོ་སོང་ག་ཚད་གཏོང་ཆོག་མིན་གྱི་ཚད་བཀག་འདི་ཡང་གནད་ལ་ཁེལ་བ་ཞིག་ཏུ་གྱུར་མེད།
བཙན་བྱོལ་བོད་མིའི་ཁྲོད་ནས་འོས་བསྡུ་ཆེན་མོ་དེ་ཡང་གཙོ་བོ་དངུལ་དང་འགྲོ་སོང་ཆེ་ཆུང་ཁོ་ན་ལ་བརྟེན་ནས་རྒྱལ་ཁ་ཐོབ་ཐུབ་པ་ཞིག་གཏན་ནས་མིན་པར། མི་མང་གི་བསམ་བློ་གཏོང་ཕྱོགས་དང་དོ་སྣང་འགུག་ཐུབ་པའི་གླེང་ཕྱོགས་བཟོ་བ་ནི་ཤུགས་རྐྱེན་ཆེ་ཤོས་སུ་གྱུར་ཡོད། གལ་སྲིད་བོད་མིའི་སྒྲིག་འཛུགས་སྤྱི་དང་བྱེ་བྲག་འོས་བསྡུ་ལས་ཁང་ལ་ནུས་པ་འདེང་ངེས་ཤིག་ཡོད་སྲིད་པའི་དབང་དུ་བཏང་ན། མིང་རྫུན་གྱི་འོག་ཏུ་གབ་ནས་གཞི་མེད་ཀྱི་དཀྲོག་གཏམ་སྤེལ་མཁན་དག་ལ་སྟངས་འཛིན་ནན་པོ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེ། འོན་ཀྱང་ནུས་པ་འདི་ཉིད་བོད་མིའི་སྒྲིག་འཛུགས་ཙམ་མ་ཡིན་པར་རྒྱ་དམར་དྲག་གཞུང་གི་ནུས་པས་ཀྱང་ཆ་ཚང་ཞིག་འདེང་ཐུབ་ཀྱི་མེད་དུས་ང་ཚོ་ལ་ནུས་པ་དེ་མེད་པར་ཧང་སང་དགོས་པ་ཞིག་ཏུ་གྱུར་མེད། གང་ལྟར་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་འདིའི་སྐབས་སུ་ཕྱི་ནང་གི་མི་མང་པོ་ཞིག་གིས་ཆེད་དུ་དཀྲོག་གཏམ་སྤེལ་བ་དང། དཀྲོག་གཏམ་སྤེལ་མཁན་རེ་ཟུང་གི་རྒྱབ་ཏུ་རྒྱ་དམར་གཞུང་གི་ལག་པ་དམར་པོའི་འགུལ་བསྐྱོད་དེ་མེད་དམ་སྙམ་པའི་ཐེ་ཚོམ་ཟ་དགོས་པ་ཞིག་ཏུའང་གྱུར་ཡོད།
དཀྲོག་གཏམ་སྤེལ་རྒྱུ་མང་དྲགས་སོང་བའི་སྐབས་སུ་དོན་དངོས་ཡིན་པའི་གནས་ཚུལ་ཞིག་བསྒྲགས་ཀྱང་ལུག་རྫི་སྤེན་པའི་གཏམ་རྒྱུད་བཞིན་ཡིད་ཆེས་བྱེད་མཁན་དཀོན་ནས་དཀོན་དུ་འགྱུར་བཞིན་ཡོད། སྤྱི་ཡོངས་ནས་བཤད་ན་དཀྲོག་གཏམ་སྤེལ་མཁན་དག་གི་ངོས་ནས་དམིགས་ཡུལ་ངེས་ཅན་ཞིག་དང། འཆར་གཞི་ངེས་ཅན་ཞིག་བཟུང་ནས་དཀྲོག་གཏམ་སྤེལ་བཞིན་ཡོད་པས། སྲིད་སྐྱོང་གི་འོས་མི་ཕན་ཚུན་དབར་དང། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཁག་གི་དབར། དེ་བཞིན་སྤྱི་འཐུས་ཀྱི་འོས་མི་དང་མི་མང་བཅས་ཚང་མའི་ནང་དུ་འཆར་གཞི་དང་ཚད་གཞི་འདྲ་མིན་གྱིས་དཀྲོག་གཏམ་སྤེལ་བཞིན་ཡོད་པ་ནི་ཧ་ཅང་གསལ་པོར་གྱུར་ཡོད། སྲིད་སྐྱོང་གི་འོས་མི་གང་ཞིག་ལ་རྒྱབ་སྐྱོར་གྱི་མིང་ཐོག་ནས་ལས་འགུལ་སྤེལ་བཞིན་པ་ཁག་རྒྱབ་སྐྱོར་ཡིན་པའི་ངེས་པ་མི་འདུག་པ་དང། དགག་བྱའི་ཐོག་ནས་ལས་འགུལ་སྤེལ་བཞིན་པ་རྣམས་ཀྱང་དགག་བྱ་ཡིན་པའི་ངེས་པ་དེ་བས་ཀྱང་མི་འདུག་ན། རྒྱ་ཆེའི་མི་མང་གི་ངོས་ནས་ཀྱང་གནད་དོན་འདི་དག་གི་ཐོག་ལ་བསམ་ཞིབ་ངེས་པར་དུ་བྱེད་དགོས་པ་ཧ་ཅང་གལ་ཆེ་བར་གྱུར་འདུག།།