དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པ་ཁྲི་འདོན་མཛད།
ཕྱི་ལོ་༢༠༢༤ ཕྱི་ཟླ ༡༡ པའི་ཚེས་༢༦ཉིན་གདན་ས་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་གླིང་དུ་ཞྭ་སེར་བསྟན་པའི་གཙུག་རྒྱན་༸འཇམ་འགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པའི་ཁྲི་འདོན་མཛད་སྒོ་ཞིག་ཚོགས་འདུག
དེ་ཡང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་དགའ་ལྡན་ཁྲི་ཐོག་༡༠༥ པའི་ཕྱག་རྟགས་བསྩལ་དོན་བཞིན། ཕྱི་ཚེས་༢༥ ཉིན་རིན་པོ་ཆེ་གང་ཉིད་དགའ་ལྡན་ཁྲི་ཐོག་༡༠༥ པའི་ཁྲི་འདོན་གསེར་ཁྲི་མངའ་གསོལ་ཆེད་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་ཁང་ཚན་ནས་མོན་གྷོ་སྡེ་དགོན་དང་ལྷག་ཏུ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་ལས་ཟུར་སོགས་འདུས་མང་གི་ཕེབས་བསུའི་རིམ་པའི་འོག་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་བསྒྱུར་གནང་སྟེ། དགའ་ལྡན་ཕུ་ཁང་ཁང་ཚན་དུ་ཕེབས་སྟོན་གྱི་མཛད་སྒོ་དང་ཚོགས་ལངས་བཞེངས་གནང་བ་སོགས་མཛད་འདུག་པ་དང་། ཕྱི་ཚེས་༢༦ གི་ཞོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། དགའ་ལྡན་ཕོ་བྲང་དང་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་སྐུ་ཚབ། ཤར་བྱང་གི་མཁན་རིན་པོ་ཆེས་དབུས་པའི་རིས་མེད་ཀྱི་གདན་ས་དང་ཆོས་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ། གཞན་ཡང་བོད་མི་མང་གི་སྤྱི་འཐུས་རྣམ་པ་ཁག་ཅིག་གིས་མཚོན་པའི་གནད་ཡོད་མི་སྣ་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་བཅས་ནས་སྤོས་སྣ་དང་སེར་སྦྲེང་གིས་སྣེས་དྲངས་ཏེ་གདན་འདྲེན་ཞུས་པ་ལྟར། དགའ་ལྡན་ཁྲི་ཐོག་༡༠༥ པ་གང་ཉིད་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་དུ་ཞབས་སོར་འཁོད་དེ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཏུ་དངོས་སུ་བཞེངས་པ་སྟེ། མི་གཇིགས་གདོང་ལྔས་གཏེགས་པའི་དགའ་ལྡན་གསེར་ཁྲིར་གཞུགས་གསོལ་མཛད་ནས་ཁྲི་འདོན་གྱི་མཛད་སྒོ་དངོས་གཞི་ཚོགས་གནང་འདུག མཛད་སྒོ་གྲུབ་མཚམས་སུ་དགའ་ལྡན་ཚོགས་ཆེན་གྱི་ཡང་ཐོག་གཟིམ་ཆུང་དུ་གདན་ཞུ་གནང་འདུག་པ་དང་། དེ་རྗེས་སླར་ཡང་ཚོགས་ཆེན་དུ་ཕེབས་ཏེ་སྔར་གྱི་ཕྱག་སྲོལ་ལྟར་རྗེ་བདག་ཉིད་ཆེན་པོའི་གསུང་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་བསྩལ་གནང་མཛད་མཐར་ཁྲི་སྟོན་གྱི་མཛད་སྒོ་གྲུབ་ཡོད་འདུག ཕྱི་ཚེས་༢༧ ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་མཛད་སྒོ་དང་འབྲེལ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རྣམ་གཉིས་ལ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་རེད་འདུག དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པ་རྗེ་བཙུན་བློ་བཟང་རྡོ་རྗེའམ་འཇམ་དཔལ་མཁས་བཙུན་དཔལ་བཟང་པོ་མཆོག་ནི།
ཕྱི་ལོ ༡༩༣༧ ལོར་སྨར་ཁམས་ཚ་ལྷོ་རྫོང་དུ་སྐུ་འཁྲུངས། ཕྱི་ལོ༡༩༤༤ཙམ་ནས་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པའི་དབུ་བཙུགས། ཕྱི་ལོ་༡༩༥༤་ལོར་འབྲས་སྤུངས་བློ་གླིང་གྲྭ་ཚང་གི ་ཚུལ་ཁང་ཁམས་ཚན་དུ་ཞུགས། ཕྱི་ལོ༡༩༦༩ལོར་སྦག་ས་ནས་ལྷོ་ཕྱོགས་མོན་གྷོ་རུ་ཕེབས། ཕྱི་ལོ་༡༩༨༠ལོར་རི་བོ་དགེ་ལྡན་པའི་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས། ཕྱི་ལོ༡༩༨༥ལོར་ལྷ་རམས་ཨང་དང་པོའི་ཕྱག་ཁྱེར་བཞེས་ཏེ་ལྷ་རམས་དམ་འཇོག་མཛད། ཕྱི་ལོ༡༩༨༥ལོར་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་གཞུང་ལ་ཐོས་བསམ་མཛད། ཕྱི་ལོ༡༩༩༣ལོར་རྒྱུད་སྟོད་གྲྭ་ཚང་གི་དགེ་བསྐོས་མཛད། ཕྱི་ལོ༡༩༩༦ལོར་རྒྱུད་སྟོད་ཀྱི་བླ་མ་དབུ་མཛད་མཛད། ཕྱི་ལོ་༢༠༡༧ལོར་ཤར་པ་ཆོས་རྗེའི་མཛད་འགན་བཞེས། ཕྱི་ལོ༢༠༢༤ལོའི་ཟླ་༡༡པའི་༢༦ཉིན་དགའ་ལྡན་གསེར་ཁྲིར་ཕེབས།
གཞན་ཡང་ཚུལ་ཁང་བླ་མ་རིན་པོ་ཆེ། ཏྲེ་རྒན་བསོད་ནམས་མགོན་པོ། ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན། རྒྱལ་རོང་མཁན་ཟུར་རིན་པོ་ཆེ། ཤག་སྐོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ཐུབ་བསྟན་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་ཚུལ་བཞིན་མཛད་ཅིང་།༧གོང་ས་ཐམས་ཅད་མཁྱེན་པས་དབུས་༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་སོགས་བླ་ཆེན་དུ་མའི་ཞབས་ནས་མདོ་སྔགས་གཉིས་ཀྱི་དབང་ལུང་མན་ངག་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་ཤིང་། ཨ་རི་དང་། ཐའེ་ཝན་སོགས་རྒྱལ་ཁབ་འདྲ་མིན་དུ་དད་ལྡན་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ་དང་སྩོལ་བཞིན་པའམ་བསྟན་འགྲོའི་དོན་ཆེན་མཛད་བཞིན་པ་བཅསོ།། གོང་གསལ་གནས་ཚུལ་རྣམས་བསོད་ནམས་ནོར་བུས་ས་གནས་ནས་མཁོ་སྤྲོད་གནང་བ་དང་དགའ་ལྡན་ཁྲི་རིན་པོ་ཆེ་ཞེས་པའི་ངོ་དེབ་བཅས་ནས་ཕྱོགས་བསྡུས་བྱས།
གསར་འགོད་པ། བསྟན་འཛིན་ལམ་བཟང་།