དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་མཆོག་སྐུ་གཤེགས།

ཟླ་འདིའི་ཚེས་༢༡ མཚན་མོ་དགའ་ལྡན་ཁྲི་ཐོག་༡༠༣ པ་བློ་བཟང་བསྟན་འཛིན་མཆོག་ལྡི་ལི་ནས་དགོངས་པ་རྫོགས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་ད་ལྟ་དགུང་གྲངས་༨༡ ཡིན་པ་དང་། བོད་ཁམས་ཡ་ར་རུ་སྐུ་འཁྲུངས་ཞིང་ཆུང་དུས་སུ་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་སྟེ། དགུང་ལོ་༡༦ ཐོག་བོད་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་༡༩༥༩ ལོར་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་ཐོག་མར་སྦག་ས་ཆོས་སྒར་དུ་སློབ་གཉེར་གནང་བ་དང་། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་རྟགས་བཞེས་རྗེས། རྒྱུད་སྟོད་བླ་མ་དབུ་མཛད་དང་མཁན་པོ་བཅས་ལོ་གསུམ་རེར་གནང་ཡོད་འདུག ཕྱི་ལོ་༢༠༠༣ ལོར་༸གོང་ས་མཆོག་གིས་ཤར་པ་ཆོས་རྗེའི་མཚན་གནས་བསྩལ་གནང་མཛད་ཡོད་པ་དང་། ༢༠༡༦ ལོའི་ཕྱི་ཟླ་༡༠ པའི་ཚེས་༡༩ ཉིན་༧གོང་ས་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༣ པར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་བ་དང་། ཕྱི་ཟླ་༡༡ པའི་ཕྱི་ཚེས་༥ ཉིན་དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ། འདུས་མང་གི་དབུས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་འཚོགས།

འདས་པའི་ཟླ་ཤས་རིང་སྐུ་བསྙུང་སྟེ་སྨན་བཅོས་བྱས་ཀྱང་དྲག་སྐྱེལ་མ་བྱུང་སྟབས་ ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་གྱི་མཚན་མོར་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་ནས་དགོངས་པ་རྫོགས་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།