དགའ་ལྡན་ཕོ་བྲང་གིས་མདོ་སྨད་ལ་དབང་བསྒྱུར་ཇི་ལྟར་བྱས་ཚུལ་རོབ་གླེང་།
ལྷ་སྡེ་གནམ་ལོ་ཡག
སྨྱུག་ཐོགས་པས་ཉིན་ཤས་ཡར་སྔོན་རྒྱལ་དབང་ལྔ་བ་ཆེན་མོས་བརྩམས་པའི༼ལྷ་མཆོག་རྨ་རྒྱལ་སྦོམ་རའི་གསོལ་མཆོད་འདོད་པའི་རེ་སྐོང་བཞུགས་སོ༽ངོ་དེབ་བརྒྱུད་ནས་བཙན་པོའི་རྒྱལ་སྲིད་འཇིག་རྗེས་བོད་ལ་གཅིག་གྱུར་བྱུང་མ་མྱོང་དང་མདོ་སྨད་དགའ་ལྡན་ཕོ་བྲང་གི་འོག་ཏུ་སྡོད་མྱོང་མེད་ཟེར་མཁན་ཚོར་དཔྱད་གཞིར་ཕུལ་བ་ཡིན། རྒྱུ་མཚན་ནི་རྒྱལ་དབང་ལྔ་བ་ཆེན་མོ་མཆོག་ནི་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་པས། ཁོང་གིས་གསོལ་མཆོད་དུ༼ཁ་བ་བོད་ཀྱི་རྒྱལ་ཁམས་མདོ་སྨད་ཀྱི། མི་ནོར་ཕྱུགས་གསུམ་ཐམས་ཅད་བུ་བཞིན་སྐྱོངས། ཁྱད་པར་བདག་ཅག་འཁོར་དང་བཅས་རྣམས་ཀྱི། ནད་གདོན་བར་ཆད་ཆག་ཆེ་ཉམ་ང་བཟློག༽ཅེས་བོད་ཀྱི་རྒྱལ་ཁམས་མདོ་སྨད་ཀྱི་མི་ནོར་ཕྱུགས་གསུམ་དང་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་བདག་པོ་འཁོར་བཅས་དཀྱིལ་འཁོར་གཅིག་ལ་བཞག་ནས་ཨ་མྱེ་རྨ་རྒྱལ་སྦོམ་རར་བཅོལ་གདམ་གནང་འདུག་པ་ནི་གཞུང་འབྲེལ་གྱི་ངོ་བོ་གྲུབ་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་། མདོ་སྨད་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་ཇི་ལྟར་གྱུར་བ་དང་འཛིན་སྐྱོང་བྱེད་སྟངས་སོགས་ཤེས་མཁན་ཉུང་ཚོད་དང་ཤེས་ཀྱང་ལོག་འགྲེལ་རྒྱག་མཁན་ཡང་མང་ཚོད་དུ་སྣང་སྟབས། བརྗོད་གཞི་འདི་འཁྱོངས་མིན་ལ་མ་ལྟོས་པར་ངལ་བ་ལྷུར་ལེན་མི་བྱེད་ཀ་མེད་ཆགས་སོང་ལ། རྩོམ་ཡིག་གི་ཁ་བྱང་ལ་མདོ་སྨད་བཀོད་པ་མ་གཏོགས་བརྗོད་བྱ་མདོ་ཁམས་ཏེ།མདོ་སྟོད་དང་མདོ་སྨད་གཉིས་ཀ་ནང་དུ་ཚུད་ཡོད།
གཅིག དགའ་ལྡན་ཕོ་བྲང་གིས་དྲག་པོའི་ལམ་ནས་མདོ་ཁམས་དབང་བསྒྱུར་འོག་བཅུག་པ།
གཙང་བ་རྒྱལ་བོས་མདོ་སྨད་ནས་ཆོག་ཐུ་དང་མདོ་སྟོད་ནས་བེ་རི་རྒྱལ་བོ་གཉིས་དཔུང་རོགས་སུ་འཐེན་ནས་དགེ་ལུགས་པ་མཐར་བསྐྲོད་གཏོང་བའི་གཞུང་འབྲེལ་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པས། རྒྱལ་དབང་ལྔ་བས་གསང་བའི་ལམ་ནས་ཕྱག་མཛོད་བསོད་ནམས་ཆོས་འཕེལ་ཨོ་རོད་ཚོ་བཞིར་མངགས་ནས་གུ་ཤྲིར་ཧན་ལ་དམག་རོགས་ཞུས། ཨོ་རོད་ཚོ་བཞི་དེང་གི་ཤར་ཏིར་ཀི་སི་ཐན་ནང་ཡོད་པས། ས་བབས་དང་ལམ་ཐག་གང་ཐད་ནས་མདོ་སྨད་ལ་ཐག་ཉེ་བས། གུ་ཤྲིར་ཧན་གྱིས་དམག་སྣ་མདོ་སྨད་ཕྱོགས་སུ་དྲངས་ཤིང་། མཚོ་སྔོན་པོའི་རྒྱུད་དུ་ཆོག་ཐུས་སྣེ་ཁྲིད་པའི་བོད་སོག་དམག་དཔུང་ལ་འཐབ་ནས་རི་ལུང་ཁྲག་གིས་དམར་པོར་བསྒོས་པ་དང་སོག་སྐད་ནང་དུ་དེ་ལ་ཝུའུ་ལན་ཟེར། དེང་སྐབས་ཀྱང་ཝུའུ་ལན་རྫོང་ཞེས་ས་མིང་མ་འགྱུར་བར་གནས་ཡོད།
གུ་ཤྲིར་ཧན་གྱིས་མདོ་སྨད་དྲག་པོའི་ལམ་ནས་དབང་འོག་ཏུ་བསྡུས་རྗེས། མདོ་སྟོད་ཕྱོགས་སུ་དམག་སྣ་དྲངས་ནས་བོད་སིལ་བུར་འཐོར་བའི་སྐབས་ནས་བརྒྱུད་ཡོང་བའི་བེ་རི་རྒྱལ་བོ་མཐའ་མ་དེ་རྩ་མེད་དུ་བཏང་བ་དང་མདོ་སྟོད་དབང་འོག་ཏུ་བཅུག་ནས་དབུས་གཙང་ཕྱོགས་སུ་དམག་སྣ་དྲངས། དེ་ནས་གཙང་བ་རྒྱལ་བོ་རྩ་མེད་དུ་བཏང་ནས་ཕྱི་ལོ༡༦༤༢ལོར་གཙང་གི་ཕོ་བྲང་བསམ་གྲུབ་རྩེ་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་དབུ་བརྙེས་པ་དང་རྒྱལ་དབང་ལྔ་བ་ཆེན་མོ་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་གསོལ་བའི་བསྒྲགས་གཏམ་སྤེལ་ནས་རྒྱལ་སྟོན་གནང་བ་རེད།
རྒྱལ་དབང་ལྔ་བ་ཆེན་མོ་ཆོས་སྲིད་གཉིས་ཀྱི་གོང་མར་བཀུར་རྗེས། ཁོང་གིས་གུ་ཤྲིར་ཧན་ལ་བསྟན་འཛིན་ཆོས་རྒྱལ་གྱི་མཚན་བསྟོད་བསྩལ་ནས་བོད་ཀྱི་རྒྱལ་བོར་བསྐོས་ཤིང་། ཕྱག་མཛོད་བསོད་ནམས་ཆོས་འཕེལ་ཡང་སྡེ་སྲིད་ལ་བསྐོས། དེ་ལྟར་དགའ་ལྡན་ཕོ་བྲང་སྲིད་གཞུང་ནི་བོད་སོག་མཉམ་འབྲེལ་གྱིས་འཛིན་སྐྱོང་གནང་བའི་གཞུང་ཞིག་ཏུ་བསྐྲུན་ཡོད།
སྐབས་དེར་མཚོན་ན་འདི་ནི་ཧ་ཅང་སྔོན་ཐོན་གྱི་ཆབ་སྲིད་སྒྲོམ་གཞི་ཞིག་ཡིན་པར་མ་ཟད། གཅིག་བྱས་ན་འཛམ་གླིང་སྟེང་ཆེས་སྔ་བའི༼མཉམ་འབྲེལ་སྲིད་གཞུང༽ (Coalition Government) གི་རགས་དབྱིབས་ཤིག་དང་། སྲིད་དོན་ཤོག་ཁག་དབང་ཕན་ཚུན་བར་ལྟ་རྟོག་གིས་འཛིན་སྐྱོང་བྱེད་པའི་ཕྱོགས་སུ་གོམ་པ་དང་པོ་རྒྱག་ཐུབ་ཡོད། ཡིན་ནའང་། ཤར་ཕྱོགས་པ་སྤྱི་དང་སྒོས་སུ་བོད་ཀྱི་མཐོ་རིམ་དཔོན་རིགས་ལ་མཉམ་ལས་མཉམ་རུབ་ཀྱི་གཤིས་ཀ་མེད་པས། རྒྱལ་ཐོག་བཞི་བ་ལྷ་བཟང་ཧན་དང་སྡེ་སྲིད་ལྔ་བ་སངས་རྒྱས་རྒྱ་མཚོའི་བར་དུ་རྒྱལ་དབང་ལྔ་བའི་ཡང་སྲིད་རྩོད་རྙོག་གིས་བསྐྱེད་པའི་འགལ་བ་བྱུང་བས། བོད་སོག་མཉམ་འབྲེལ་སྲིད་གཞུང་སྐྱོ་གར་གྱི་ལམ་ནས་མཇུག་བསྡུ་དགོས་ཐུག་ཡོད། ངེས་པར་དུ་དོ་སྣང་བྱེད་དགོས་པ་ནི་འདི་ནི་བོད་སོག་ཕན་ཚུན་བར་གྱི་འགལ་བ་ཞིག་མ་རེད་ལ། རྒྱལ་བོ་ལྷ་བཟང་ཧན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ནི་སྟོབས་ཤུགས་གཉིས་སམ་ཕྱོགས་ཁག་གཉིས་ཀྱི་དབུ་ཁྲིད་རེད། སྟོབས་ཤུགས་གཉིས་ཀའི་ནང་དུ་བོད་སོག་གཉིས་ཀ་འདུག དཔེར་ན། རྒྱལ་བོ་ལྷ་བཟང་ཧན་གྱི་ཕྱོགས་ཁག་ཁྲོད་ཀྱི་མི་སྣ་དྲག་ཤོས་དེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་རེད་ལ། རྗེས་ནས་རྒྱལ་བོ་ལྷ་བཟང་ཧན་བགྲོངས་མཁན་ཡང་སོག་པོ་ཡིན་པ་ལྟ་བུའོ།
གཉིས། དགའ་ལྡན་ཕོ་བྲང་གིས་མདོ་ཁམས་ལ་འཛིན་སྐྱོང་བྱེད་སྟངས།
གུ་ཤྲིར་བསྟན་འཛིན་ཆོས་རྒྱལ་གྱིས་དྲག་པོས་ལམ་ནས་མདོ་ཁམས་དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་བཅུག་རྗེས། མདོ་ཁམས་སྟོད་སྨད་གཉིས་སུ་སྔར་གྱི་བོད་སོག་དཔོན་རིགས་མང་བོ་ཞིག་སོར་འཇོག་དང་སོག་པོ་ལ་གཞུང་སོག་ཅེས་དགའ་ལྡན་ཕོ་བྲང་གི་འབངས་མིར་བསྒྱུར་ཡོད་པའི་ཁར། བོད་སོག་གཉིས་ཀ་ཆོས་སྡེ་དང་དཔོན་སྡེ་གཉིས་སུ་དབྱེ་ནས་ཆོས་སྡེ་ནི་དགོན་པ་ཁག་གི་མཆོད་གཞིས་དང་། དཔོན་སྡེ་ནི་དགའ་ལྡན་ཕོ་བྲང་དང་ས་གནས་དཔོན་རིགས་ལ་ཁྲལ་རྒྱག་མཁན་དང་། རྐང་འགན་གཞུང་སོག་དཔོན་རིགས་ཀྱིས་ཁུར་འདུག
ཡང་སྒོས་རྒྱལ་དབང་ལྔ་བ་ཆེན་མོ་འཁོར་བཅས་མན་ཇུར་འཚམས་གཟིགས་ལ་ཕེབས་དུས། མདོ་སྨད་མཚོ་སྔོན་བརྒྱུད་ནས་ཕེབས་ཡོད་པར་མ་ཟད། མཚོ་སྔོན་པོའི་ནང་དུ་ལོ་རེ་རེར་མཚོ་གཏེར་རྒྱག་པའི་སྲོལ་བཙུགས་འདུག་ལ། མཚོ་གཏེར་རྒྱག་པའི་སྲོལ་འདི་དེང་གི་བར་ཉམས་མེད་པར་མཐུད་འཛིན་གནང་ཡོད། ཕྱོགས་གཅིག་ནས་མཚོ་གཏེར་རྒྱག་པ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་དང་། ཕྱོགས་གཞན་གཅིག་ནས་དེ་ནི་བོད་སོག་དཔོན་རིགས་ཀྱི་ལོ་རེ་རེ་ཡི་འདུ་འཛོམས་ཀྱང་ཡིན་པས། ལོ་རེ་རེ་ཡི་སྲིད་དོན་ཐད་ཀྱི་དོན་དག་ཆེ་མ་ཆུང་གསུམ་མཚོ་གཏེར་རྒྱག་པའི་འདུ་འཛོམས་འདི་བརྒྱུད་ནས་ཐག་གཅོད་དང་གྲོས་བསྡུར་བྱེད་ཀྱིན་འདུག གཞུང་ཡིག་ནང་དུ་ཐའེ་ཇིའི་འཚོགས་འདུ་ཞེས་བཀོད་འདུག ད་དུང་རྒྱལ་དབང་ལྔ་བ་ཆེན་མོ་འཁོར་བཅས་མན་ཇུ་ནས་ཕྱིར་ཕེབས་ལམ་དུ་ཨ་མྱེ་རྨ་རྒྱལ་སྦོམ་ར་དང་ཁད་ཉེ་བའི་ཧང་ངེ་ཆུ་འགག་ཏུ་དུས་འཁོར་དབང་ཆེན་གནང་འདུག་ལ། དེང་སྐབས་ཀྱང་ཆུ་འགག་བཞུགས་ཁྲི་ཞེས་སླར་གསོ་གནང་ནས་བདག་སྐྱོང་གནང་བཞིན་ཡོད།
རྒྱལ་དབང་ལྔ་བ་ཆེན་མོས་ཕྱི་ལོ༡༦༥༥ལོར་འབྲས་སྤུངས་མཁན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ཟེར་བ་ཞིག་མཚོ་སྔོན་ལ་མངགས་ནས་ཐའེ་ཇིའི་འཚོགས་འདུ་བསྐོང་འཚོགས་ཀྱིས་མཚོ་སྔོན་པོ་དཀྱིལ་སྙིང་དུ་བཟུང་ནས་གཡས་རུ་དང་གཡོན་རུ་ཁག་གཉིས་སུ་ཕྱེས་ཤིང་། གཡས་རུའི་ཁོངས་སུ་དེང་གི་མཚོ་ལྷོ། མགོ་ལོག ཡུལ་ཤུལ། དཀར་མཛེས། བདེ་ཆེན། ཚ་འདམ་གཤོངས་ཀྱི་ནུབ་བྱང་སོགས་འདུ་བ་དང་། གཡོན་རུའི་ཁོངས་སུ་དེང་གི་མཚོ་བྱང་། ཀན་སུའི་ནུབ་ངོས། རྔ་བ། ཚ་འདམ་གཤོངས་ཀྱི་ཤར་ལྷོ་བཅས་འདུ་བར་བཤད། སྐབས་དེར་མདོ་སྟོད་སྨད་ཀྱི་ཚབ་ཏུ་མཚོ་གཡས་རུ་དང་གཡོན་རུས་ཕྱེས་ཡོད་པས། མན་ཇུའི་བཙན་འཛུལ་དམག་སྤྱི་ཉན་ཀུན་ཡོས་མན་གཞུང་ལ་ཕུལ་བའི་སྙན་ཐོའི་ནང་དུའང་༼ཧྲན་ཤིས་ཀྱི་ཀན་ཀྲོའུ།(ཀན་སུ) ལེང་ཀྲོའུ།(ཝོ་ཝེའམ་བསིལ་མོ་ཐང་།) ཀྲེང་ལང་། ཟི་ལིང་། ཧོ་ཀྲོའུ། (ཀ་ཆུ) ཟུང་ཆུ། དར་རྩེ་མདོ། ལི་ཐང་། འབའ་ཐང་། རྒྱལ་ཐང་བཅས་ལ་བརྟག་ན། བོད་མི་གཙོས་པའི་མི་རྣམས་ཕྱུགས་རིགས་འཚོ་སྐྱོང་བ་ཡིན་པ་དང་། མིང་རྒྱལ་རབས་ནས་ཤོར་ཏེ་བདག་སྐྱོང་བྱེད་ཐུབ་མེད་པས། སྐབས་རེར་བླ་མ་རྣམས་ཀྱི་སོ་ནམ་པ་དང་། མཚམས་རེར་མཚོ་སྔོན་ལ་གཏོགས་པ་དང་། ཁྲལ་རིགས་སྤྲོད་ཡུལ་སོག་པོ་ཡོད་པ་གཏོགས་གཞན་ཤེས་ཀྱི་མི་འདུག༽ཅེས་ལས་སྐབས་དེའི་གནས་སྟངས་རྟོགས་ཐུབ།
གསུམ། དགའ་ལྡན་ཕོ་བྲང་གི་མདོ་ཁམས་འཛིན་སྐྱོང་ལ་ཉམས་རྒུད་བྱུང་བ།
དུས་རབས་བཅོ་བརྒྱད་པའི་ནང་དུ་སྡེ་བ་གཞུང་ལ་ནང་འཁྲུག་བྱུང་བ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བགྲོངས་པ་དང་། རྒྱལ་བོ་ལྷ་བཟང་ཧན་ཡང་བགྲོངས། མདོ་སྨད་ཕྱོགས་ནས་བློ་བཟང་བསྟན་འཛིན་གྱིས་སྣེ་ཁྲིད་པའི་བོད་སོག་མཉམ་འབྲེལ་དཔུང་ཤུགས་ཀྱིས་མན་ཇུས་བོད་ཁོངས་མཐའ་འདེད་ཀྱིས་སླེབས་ཀྱིན་པ་མཐར་བསྐྲོད་ཀྱི་དམག་འཐབ་ལ་ཕམ་ཁ་བྱུང་བས། མན་ཇུའི་དམག་སྤྱི་ཉན་ཀུན་ཡོས་མདོ་སྨད་ནང་ཁྲག་གི་འཁོར་ལོ་བསྐོར་ནས་དགོན་པ་མང་བོའང་གཏོར་ཡོད་པར་མ་ཟད། མན་གཞུང་གིས་ལྷ་སྡོད་ཨམ་བན་ལྟར་གཞུང་སོག་དཔོན་རིགས་ཤིག་ཟི་ལིང་ཨམ་བན་ཟེར་བར་བསྐོ་འཛུགས་བྱས། སྐབས་དེ་ནས་བཟུང་མན་གཞུང་གིས་བོད་སོག་བར་དུ་འགལ་བ་བཟོས་ནས་གཅིག་བསྐྱོར་གཅིག་གནོན་གྱི་ཐབས་ལམ་བཀོལ་ཏེ་དབང་བསྒྱུར་ཡོང་བར་རེ་ངན་འཆིང་ཡོད་ལ། ཉུང་མཐར་བོད་སོག་སྟོབས་ཤུགས་གཅིག་གྱུར་ཡོང་བར་བར་ཆད་བཟོ་ཐུབ་ཡོད།
དེ་ནས་རིམ་པས་སྡེ་བ་གཞུང་གིས་མདོ་སྨད་ལ་མུ་མཐུད་ནས་འཛིན་སྐྱོང་བྱེད་པར་དཀའ་ངལ་བྱུང་ཡོད་པས། ཕྱི་ལོ༡༧༥༠ ལོར་མདོ་སྨད་ཀྱི་ཁྲལ་རིགས་རྗེ་སྐུ་འབུམ་ལ་འབུལ་འཐུས་ཀྱི་བཀའ་ཡིག་བསྩལ་འདུག ཡིན་ནའང་། ཆོས་ལུགས་ཐད་ནས་སྔར་ལས་སྲ་བརྟན་དུ་བཏང་འདུག་པར་མ་ཟད། ལྷག་པར་དུ་མདོ་སྨད་ཀྱི་ཡུལ་མཐའ་ཁག་ནས་ཡིན་པའི་དགའ་ལྡན་ཁྲི་བ་བསྟུད་མར་བྱུང་འདུག་ལ། མདོ་སྨད་ནས་དབུས་མཇལ་ལ་སླེབས་མཁན་རྣམས་ལ་སྣེ་ལེན་བྱེད་མཁན་ཡང་དགའ་ལྡན་དགོན་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ལ་མཚོན་ན་དེ་ནི་མུ་མཐུད་དུ་མདོ་སྨད་ལ་དབང་བསྒྱུར་བྱེད་ཀྱིན་པའི་མཚོན་བྱེད་གཙོ་བོ་ཞིག་དང་། དེང་གི་སྐད་ཆ་ལྟར་བཤད་ན་བདག་དབང་ལྷོད་མི་འདུག ཡང་ཅིག་བཤད་ན། ཆོས་སྲིད་ངོ་བོ་གཅིག་ཏུ་གྲུབ་ཡོད་པ་དེས་ཐག་བཅད་ཡོད་པ་ཞིག་ཀྱང་ཡིན།
བཞི། སུམ་ལའི་ཆིངས་ཡིག་དང་མདོ་ཁམས།
མདོ་སྨད་སྤྱི་དང་མདོ་སྟོད་ཀྱི་ཡུལ་ལུང་ཁག་ཅིག་དུས་རབས་བཅུ་དགུ་བ་ནས་སྡེ་བ་ཁྲིམས་སྒོ་རང་སྐྱོང་འོག་གནས་འདུག་མོད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྲ་བརྟན་དང་མཐུད་གནས་ཀྱི་ངོ་བོར་གྲུབ་འདུག གང་ལྟར་དུས་ཉི་ཤུ་བ་འགོ་ཚུགས་མཚམས། མན་ཇུ་མགོ་རྟིང་ལོག་པ་དང་། བོད་སོག་བར་ཆིངས་ཡིག་བཞག་ནས་མན་ཇུའི་ཁོངས་ནས་ཕྱིར་ཐོན་པ་དང་བོད་སོག་ཕན་ཚུན་བར་རྒྱལ་ཁབ་ཡིན་པའི་ངོས་ལེན་གནང་། (འདིའི་སོག་པོ་ནི་དེང་སྐབས་ཀྱི་སོག་པོའི་རྒྱལ་ཁབ་ཡིན།)
དེ་མཚུངས་སུ་བོད་དབྱིན་རྒྱ་གསུམ་བར་དུ་སིམ་ལའི་ཆིངས་ཡིག་གྲོས་བསྡུར་དང་དེང་གི་བོད་རང་སྐྱོང་ལྗོངས་བོད་ཕྱི་མ་དང་མདོ་སྨད་དང་མདོ་སྟོད་ཀྱི་ཡུལ་ལུང་ཁག་ཅིག་བོད་ནང་མ་ཟེར་བར་དབྱེ་བགོས་བྱས་ནའང་། མཇུག་མཐར་སྐབས་དེའི་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་འཐུས་ཚབ་ཀྱིས་ཆིངས་ཡིག་དེར་ངོས་ལེན་མ་བྱས་པས། བོད་དབྱིན་གཉིས་ནས་ཟུར་ཆིངས་བཞག་ནས་རྒྱ་གཞུང་གིས་སིམ་ལའི་ཆིངས་ཡིག་ལ་ངོས་ལེན་མ་བྱས་པའི་ཡར་སྔོན་རྒྱ་ནག་གཞུང་ལ་སིམ་ལའི་ཆིངས་ཡིག་ནང་གསལ་བའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པའི་དབང་ཆ་མེད་ཅེས་བཀོད་ཡོད། དེ་བས། མདོ་སྨད་དང་མདོ་སྟོད་ཀྱི་ཡུལ་ལུང་ཁག་ཅིག་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་འོག་མེད་ནའང་། བདག་དབང་མུ་མཐུད་དུ་གནས་ཐུབ་ཡོད།
རྒྱབ་ལྗོངས་དེའི་འོག་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མདོ་ཁམས་སྟོད་སྨད་གཉིས་སུ་བཙན་འཛུལ་བསྟུད་མར་བྱས་ཡོད་ཅིང་། མདོ་སྨད་དུ་ཕྱི་ལོ༡༩༢༨ ལོར་མཚོ་སྔོན་ཞིང་ཆེན་ཟེར་བ་བཙུགས་པ་དང་མདོ་སྟོད་དུ་ཕྱི་ལོ༡༩༣༨ ལོར་ནུབ་ཁམས་ཞིང་ཆེན་ཟེར་བ་བཙུགས་མོད། དེ་ནི་བཙན་འཛུལ་གྱི་ཐོན་རྫས་ཡིན་པ་ལས་ཁྲིམས་ཐོག་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ལ་བདག་དབང་ཐོབ་མེད། ད་དུང་མདོ་སྟོད་ཀྱི་ཡུལ་ལུང་ཁག་དང་མདོ་སྨད་ཀྱི་བོད་རྒྱ་འདྲེས་མཚམས་ཀྱི་རོང་ཁུལ་ལ་མ་གཏོགས་འབྲོག་ཁུལ་ཏུ་སྡེ་བ་ཚོ་བའི་སྲིད་འཛིན་ལམ་ལུགས་ལ་འགྱུར་བ་གཏོང་ཐུབ་མེད་པར་མ་ཟད། མདོ་སྟོད་སྨད་གཉིས་ཀ་ནས་མི་སེར་སྤེལ་ཡུལ་དུ་བསྒྱུར་བར་ངོ་རྒོལ་མཚམས་ཆད་མྱོང་མི་འདུག
དོན་ལ་སྡེ་བ་གཞུང་དང་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་མང་སྣ་ཉུང་གིས་མ་ཐེག་པར༼དོན་ཚན་བཅུ་བདུན༽ཟེར་བ་འཇོག་སྐབས།བོད་ཤར་ཕྱོགས་ཀྱི་མདོ་སྨད་དང་མདོ་སྟོད་ཀྱི་མདོ་ཆེན་གཉིས་ཚུད་མེད་པས། དེང་སྐབས་ཀྱང་ཡུལ་ལུང་འདི་དག་གི་གནས་བབ་ཁྲིམས་ཐོག་ནས་ད་དུང་ཐག་ཆོད་མེད། (Pending of Status for in the law)
མཇུག་བསྡུ་བའི་གཏམ།
འབྲི་མཚམས་འདིར་སླེབས་སྐབས། ད་དུང་དོན་ཆེན་ཞིག་ལྷག་འདུག་པར་དྲན་པ་སོས་སོང་། མདོ་སྨད་མཚོ་སྔོན་ཧོར་རིགས་ནས་བསྟུད་མར་འཁྲུངས་ཤིང་། སྐུ་ཕྲེང་ན་རིམ་མན་ཇུ་གོང་མའི་དབུ་བླར་གྱུར་བའི་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གི་སྐུ་ཕྲེང་ཐོག་མ་ནི་རྒྱལ་དབང་ལྔ་བ་ཆེན་མོའི་ཡོངས་འཛིན་ཡིན་པ་དང་། རྒྱལ་དབང་ལྔ་ཆེན་མོ་སྐུ་དངོས་ནས་ཁོང་གི་ཡོངས་འཛིན་མདོ་སྨད་ནས་ངོས་འཛིན་གནང་ནས་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་དགོན་པར་གཏད་འདུག དེ་ལའང་ཆོས་སྲིད་གཉིས་ཐད་ནས་དམིགས་བྱ་ངེས་ཅན་ཞིག་ཡོད་པ་ནི་སྨྲས་མ་དགོས་ཏེ། མན་ཇུའི་གཞུང་གི་རེ་བསྐུལ་བཞིན་རྒྱལ་དབང་ལྔ་བ་ཆེན་མོས་ལྕང་སྐྱ་རོལ་བའི་རྡོ་རྗེ་པེ་ཅིང་ཏུ་མངགས་ནས་མན་ཇུ་གོང་མའི་དབུ་བླ་གྱུར་པ་དང་། དགོན་ལུང་དགོན་པ་ནི་སྔར་བཀའ་བརྒྱུད་པ་ཤུགས་ཆེ་བས་དགེ་ལུགས་པའི་དབང་ཤུགས་སྲ་བརྟན་དུ་བཏང་ཡོད། དེ་བས། རྒྱལ་དབང་ལྔ་བ་ཆེན་མོས༼ཁ་བ་བོད་ཀྱི་རྒྱལ་ཁམས་མདོ་སྨད༽ཅེས་པ་ནི་བཀས་བཅད་པ་ཞིག་ཡིན་པ་ལས་གང་བྱུང་བརྗོད་པ་ཞིག་མིན་པའང་ཞོར་ནས་ཤེས་ཐུབ།