དགའ་སྐྱོའི་ཚོར་བ་སྦྱིན་ཐུབ་པའི་སྒྲུང་དེབ་རྡོ་སྐྱེས་མེ་ཏོག

སྐལ་བཟང་དོན་གྲུབ།

སྙན་ངག་པ་དང་རྩོམ་པ་པོ། གློག་བརྙན་འཁྲབ་སྟོན་པ་བསྟན་ཕུན་ལགས་ཀྱིས་བརྩམས་པའི་སྒྲུང་དེབ་<<རྡོ་སྐྱེས་མེ་ཏོག་>>ཅེས་པ་བོད་སྨྱུག་གིས་པར་བསྐྲུན་གནང་བ་དང་། དེབ་འདིའི་མི་སྣ་གཙོ་བོ་ཐབས་མཁས་ཀྱི་བོད་ནང་དུ་ཆུང་དུས་ཀྱི་འཚོ་བ་དང་ཕྱིས་སུ་རྒྱ་གར་ལ་སླེབས་རྗེས་ཀྱི་མི་ཚེའི་དཀའ་སྡུག་དང་དགའ་སྐྱོའི་སྒྲུང་ཡིན་པ་རེད། 

སྤྱིར་བཏང་བོད་ནས་ལོ་ཆུང་ཆུང་སྐབས་རྒྱ་གར་དུ་སླེབས་མཁན་ཕྲུ་གུ་སྟོང་ཕྲག་མང་པོ་ཞིག་ད་ལྟའི་ཆར་མི་རྒན་པ་ཆགས་ནས། འཛམ་གླིང་ས་ཕྱོགས་གང་སར་འཚོ་བ་སྐྱེལ་བཞིན་ཡོད་པ་རེད་དེ། ཁོང་ཚང་མའི་དཀའ་སྡུག་དང་དགའ་སྐྱོའི་ཚོར་བ་དང་ལོ་རྒྱུས་ནང་ཐུན་མོང་བའི་ཆ་དང་མི་འདྲ་བ་ཡང་མང་པོ་ཡོད་པ་སྨོས་མེད་རེད།

ངས་སྒྲུང་དེབ་འདི་བཀླགས་རྗེས་སྔར་ངའི་འཛིན་གྲོགས་མང་ཆེ་བ་ནི་བོད་ནས་ཡོང་མཁན་ཤ་སྟག་ཡིན་པ་དང་། དེ་སྔ་སློབ་གྲྭར་ཡོད་པའི་སྐབས་སུ་རང་ཉིད་ཀྱི་དགའ་སྐྱོའི་ཚོར་བ་ལ་མགོ་མཁོར་ནས་བསྡད་པ་ལས། སྐབས་དེར་འཛིན་གྲོགས་གཞན་གྱི་དཀའ་སྡུག་ལ་སེམས་ཁུར་དང་བསམ་ཤེས་དེ་ཙམ་བྱེད་ཐུབ་མེད་པ་བསམ་བློར་འཁོར་སོང་། 

སྒྲུང་ནང་གི་ཐབས་མཁས་དང་ངའི་མི་ཚེའི་བརྒྱུད་རིམ་བར་འདྲ་བའི་ཆ་མང་པོ་ཞིག་འདུག་ཀྱང་། ཁོང་གི་དཀའ་སྡུག་དང་ངའི་དཀའ་སྡུག་བར་ཡང་ལྗིད་ཀྱི་ཁྱད་པར་འདུག་པས། སྒྲུང་དེབ་དེ་བཀླགས་རྗེས་ངས་སྔར་གྱི་འཛིན་གྲོགས་དང་སློབ་གྲོགས་རྣམས་དྲན་བྱུང་བ་དང་ཁོ་ཚོའི་དཀའ་སྡུག་གང་མྱངས་ཡོད་ན་བསམ་བྱུང་། དེ་བཞིན་ཐབས་མཁས་སློབ་གྲྭ་ཐོན་ནས་རྡ་སར་འཁྱམས་བཞིན་པའི་སྒྲུང་ཀློག་སྐབས་མཚམས་རེ་སེམས་པ་ཡང་སྐྱོ་བའི་ཚོར་བ་བྱུང་ལ། སྐབས་རེ་སྒྲུང་ནང་ཁོང་ལ་རོགས་པ་བྱེད་མཁན་གྲོགས་པོ་དེ་དག་གི་སྐོར་ཀློག་དུས། ང་རང་གི་མི་ཚེའི་ནང་དུ་མི་ཡུལ་འདིར་གྲོགས་མཆོག་ཁག་ཅིག་ཡོད་པ་ཁོ་ཚོའི་བཀའ་དྲིན་དང་འདས་ཟིན་པའི་ང་ཚོའི་བར་གྱི་དུས་ཚོད་རྣམས་ཕྱིར་དྲན་བྱས་ནས། དགའ་ཚོར་ཡང་སྐྱེས་སོང་། 

ཐབས་མཁས་ཀྱི་ཚོར་བ་དང་དཀའ་སྡུག དེ་བཞིན་ཁྱིམ་ཚང་གཅིག་པ་དང་འཛིན་གྲྭ་གཅིག་པ་ཡིན་པའི་བུ་མོར་སེམས་པ་ཤོར་བའི་སྒྲུང་རྣམས་བོད་ཁྱིམ་སློབ་གྲྭ་ཙམ་མ་ཟད། སློབ་གྲྭ་འགྲིམ་མྱོང་བའི་མི་སྣ་ཚང་མས་བསམ་ཤེས་ཐུབ་པ་ཡིན་པ་སྨོས་མེད་རེད། 

ངས་གདེང་ཚོད་ཆེན་པོ་བྱས་ནས་ཞུ་རྒྱུ་ཞིག་ལ། སྒྲུང་དེབ་འདི་བོད་ནས་ཡོང་མཁན་དང་རྒྱ་གར་དུ་སྐྱེས་མཁན་བོད་མི་རྒན་གཞོན་ཚང་མ་དང་། བོད་དོན་ལ་དོ་སྣང་ཡོད་མཁན་ཚོས་ངེས་པར་ཀློག་རྒྱུ་གལ་ཆེན་ཡིན་པ་མཐོང་སོང་། རྒྱལ་སྤྱིའི་ནང་བོད་དོན་དེ་ཁྱབ་བསྒྲགས་ཆེན་པོ་དང་དོ་སྣང་བྱེད་མཁན་ཡང་མི་ཉུང་བ་ཡོད་པ་རེད་དེ། བོད་མི་བྱེ་བྲག་གཅིག་གི་བཙན་བྱོལ་བའི་འཚོ་བ་དང་ཚོར་བར་དམིགས་བཀར་དོ་སྣང་དང་ཉམས་ཞིབ་བྱེད་མཁན་ཉུང་ཉུང་ཡིན་པས། སྒྲུང་དེབ་འདིས་ཐབས་མཁས་ཀྱི་འཚོ་བ་བརྒྱུད་བོད་མི་མང་པོ་ཞིག་གི་འཚོ་བ་མཚོན་ཐུབ་ཀྱི་འདུག་སྙམ། དེ་བཞིན་རྒྱ་གར་དུ་སྐྱེས་ནས་རང་གི་གྲོགས་འཁོར་ནང་བོད་ནས་ཡོང་མཁན་མེད་ཚེ། སྒྲུང་དེབ་འདི་བརྒྱུད་ནས་བོད་ནས་ཡོང་མཁན་ཚོའི་དཀའ་སྡུག་སྐོར་མྱོང་བ་བྱེད་ཐུབ་རྒྱུར་ཐེ་ཚོམས་མི་འདུག 

ང་རང་སྒེར་ལ་མཚོན་ན་སྒྲུང་འབྲི་སྟངས་ཐོག་ལ་མཁས་པ་དེ་འདྲ་གང་ཡང་མིན་ཡང་། སྒྲུང་གི་གོ་རིམ་དང་ལེའུ་རེ་རེའི་ནང་གི་སྒྲུང་གི་རིང་ཐུང་རན་པོ་དང་། ཀློག་པ་པོ་རྣམས་ཉོབ་སྣང་སྐྱེ་གཞི་དེ་འདྲ་མཐོང་རྒྱུ་ཕར་ཞོག ལེའུ་གཅིག་གི་རྗེས་ལ་གཅིག་བསྟུད་མར་བཀླགས་ཐུབ་བྱུང་། སྒྲུང་དེབ་འདིའི་ནང་མི་སྣ་ཕན་ཚུན་བར་སྐད་ཆ་བཤད་པའི་ཚིག་གྲུབ་མང་པོ་མི་འདུག་ཀྱང་། དེ་ལ་བརྟེན་ནས་སྒྲུང་གི་བཅུད་བརླགས་འདུག་དྲན་པ་མ་བྱུང་། 

སྒྲུང་དེབ་གི་མཐའ་མཇུག་དེར་ཐབས་མཁས་ལ་གོ་སྐབས་ཡག་པོ་ཞིག་ཐོབ་པའི་སྐོར་འཁོད་པ་ལས། གོ་སྐབས་དམ་འཛིན་ཐོབ་མིན་དང་། དེ་ལ་བརྟེན་ནས་ཁོང་གི་མི་ཚེར་འགྱུར་བ་འགྲོ་མིན་སྐོར་གྱི་སྒྲུང་མི་འདུག་པས། དེ་ནི་ཀློག་པ་པོ་ཚོས་སྒྲུང་དེབ་བཀླགས་རྗེས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་དྲན་གྱི་འདུག །