དགུ་ཐུག་ག་དུས་འཐུང་དགོས་སམ།
དུས་རྒྱུན་དགུ་ཐུག་ཟེར་བ་ནི་བོད་ཟླ་༡༢ པའི་༢༩ ལ་འཐུང་དགོས་ཀྱང་། འདི་ལོ་བོད་ཀྱི་ལོ་ཐོའི་ནང་ཉི་ཤུ་དགུ་ཆད་ཡོད་པར་བརྟེན། དགུ་ཐུག་ག་དུས་འཐུང་དགོས་མིན་ཐད་བོད་པའི་སྤྱི་ཚོགས་ཁྲོད་གླེང་སློང་མང་པོ་བྱེད་བཞིན་འདུག ཕྱི་ཚེས་༥ ཉིན་རྡ་སར་རྟེན་གཞི་བྱས་པའི་འགྲོ་ཕན་སྨན་རྩིས་ཁང་ནས་ངོ་དེབ་ཐོག་དེ་འབྲེལ་གྱི་སྐོར་བཀོད་པ་ལྟར་ན། འདི་ལོ་བོད་ཟླ་༡༢ ཚེས་༢༩ དེ་ཆད་ཡོད་པར་བརྟེན། མི་མང་ཁྲོད་དོགས་འདྲི་མང་པོ་ཡོང་བཞིན་ཡོད་པས། རྩིས་གཞུང་རིགས་ལྡན་འཛུམ་པའི་འོད་ཟེར་གྱི་རྩ་བ་ལས། གཟའ་གཅིག་ལེན་གཉིས་བལྡབས་གྱུར་ན།། ཆུ་ཚོད་ཉུང་བའི་ཚེས་འདི་ལྷག ། དོན་དུ་ཚེས་ལ་ཆད་ལྷག་མེད།། ཅེས་པ་དང་ཞིབ་རྩིས་ལྟར་བོད་ཚེས་༢༩ ཆད་དེ་ཉིད་དོན་དུ་བོད་ཚེས་༢༨ རེས་གཟའ་ཕུར་བུའི་ནམ་ལངས་ཡོས་ཀྱི་ལྔ་ཆའི་གཉིས་པ་དང་། ཕྱི་ལོ་༢༠༢༤ ཚེས་༨ རེས་གཟའ་ཕུར་བུའི་ལག་འཁོར་ཆུ་ཚོད་༥ དང་སྐར་མ་༢༤ ནས་(5.24am)ནས་བོད་ཚེས་༢༩ ཡི་ལོངས་སྤྱོད་འགོ་བཙུགས་ཡོད་པས། ཕྱི་ཚེས་༢༨ དགོང་མོའི་དགུ་ཐུག་བཏུངས་ན་འགྲིག་གི་ཡོད་པར་བརྗོད་འདུག བོད་ནང་གི་བོད་ཀྱི་སྨན་རྩིས་ཁང་གིས་བརྗོད་དོན་ལ་ཞིབ་རྩིས་ངོས་ནས་བཤད་ནས་༢༨ ཉིན་དགུ་ཐུག་རེད་ཅེས་བརྩིས་ན་འགྲིག་གི་ཡོད་ཀྱང་། གཅིག་ནས་སྲོལ་རྒྱུན་དང་གཉིས་ནས་ལུང་གི་རྒྱབ་རྟེན་ཡོད་པའི་ཐོག་ནས་བཤད་ན་ཚེས་༣༠ ཉིན་མོ་དགུ་ཐུག་ཁེལ་གྱི་ཡོད་པ་རེད། རྒྱུ་མཚན་ནི་ཕྱི་ལོ་༡༩༩༦ དང་ ༢༠༠༡ ལོ ༢༠༠༥ བཅས་ལ་ཡང་བོད་ཟླ་༡༢ པའི་༢༩ ཆད་པ་དང་ལྷག་པ་སོགས་བྱུང་མྱོང་ཡོད་པར་བརྟེན། སྲོལ་རྒྱུན་གཞིར་བཞག་ན་ལྷག་པའི་སྔ་མ་དང་ཆད་པའི་རྗེས་མ་ཞེས་༢༩ ཆད་དུས་རྗེས་མ་དང་༢༩ ལྷག་དུས་སྔ་མ་གཏོང་སྲོལ་ཡོད་པ་རེད་ཅེས་བརྗོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་འདི་ལོའི་དགུ་ཐུག་དེ་བོད་ཟླ་༡༢ པའི་ཚེས་༣༠ ཉིན་ཁེལ་གྱི་ཡོད་པ་རེད་ཅེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།