དགེ་བཤེས་མའི་མཚན་རྟགས་ཐོབ་མཁན་ཐེངས་དང་པོའི་མཛད་སྒོ།
ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོན་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱི་རུ། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་བྱུང་བའི་བཙུན་མ་རྣམས་ལ་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་ཁྱེར་ཐོབ་པའི་མཛད་སྒོ་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་དང་། སྲིད་སྐྱོང་བློ་བཟང་སེང་གེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་གཞུང་གི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེས་དབུས་བླ་སྤྲུལ་དགེ་བཤེས་རྣམ་པ་སོགས་ཕེབས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེ་གེས་དགེ་བཤེས་མ་ཚོར་འགན་འཁྲིའི་སྐོར་ལ་གསུང་བཤད་གནང་དོན། “ཐེངས་འདིར་༸གོང་ས་མཆོག་དབུ་བཞུགས་ཐོག་དགེ་བཤེས་མ་ཉི་ཤུ་ཐམ་པར་ཕྱག་འཁྱེར་གནང་ཐུབ་པ་འདི་ནི་ཆོས་ཕྱོགས་དང་སྤྱི་ཚོགས་གང་གི་ཆ་ནས་ཧ་ལས་པའི་བསོད་ནམས་ཆེན་པོ་རེད། བོད་ཀྱི་ལོ་རྒྱུས་ནང་ཆ་བཞག་ན་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ལག་བསྟར་ཐུབ་པ་འདི་ནི་ལོ་རྒྱུས་ནང་བཀོད་འོས་པའི་གྲུབ་འབྲས་ཤིག་ཆགས་ཡོད། གཞི་རྩའི་བཙུན་མ་རྣམ་པ་ཚོས་སྐུ་ལས་སྐྱོན་པའི་གྲུབ་འབྲས་ལ་བརྟེན་ནས་དགེ་བཤེས་མའི་ཕྱག་ཁྱེར་ཐོབ་རེད། རྣམ་པ་ཚོ་དགེ་བཤེས་མ་ཐོན་མཁན་ཐོག་མ་དེ་ཆགས་ཡོད་སྟབས། སྤྱི་སྒེར་གཉིས་ཀྱི་ཐོག་ནས་ཧ་ཅང་བྱས་རྗེས་ཆེན་པོ་ཞིག་ཡིན་པ་མ་ཟད། རྣམ་པ་ཚོར་འགན་འཁྲི་ཆེ་བ་དང་སྤྱི་ཚོགས་ཀྱིས་རེ་བ་རྒྱག་ས་ཞིག་ཀྱང་ཆགས་ཡོད”ཅེས་སོགས་ཀྱི་གསུང་བཤད་གནང་།
དགའ་ལྡན་ཁྲི་རིན་པོ་ཆེས་གསུང་བཤད་གནང་སྐབས། ཕྱི་ལོ་༡༩༥༩ གོང་བོད་ནང་དགེ་བཤེས་མ་ཞེས་པའི་མིང་ཙམ་ཡང་གོ་རྒྱུ་མེད་པ་དང་། དེ་ནས་ང་ཚོ་བཙན་བྱོལ་ལ་གྱར་རྗེས་མིའི་ལུང་པར་དགེ་བཤེས་མ་ཐོན་ཐུབ་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་དུས་རྟག་ཏུ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་། དེ་བཞིན་དགེ་བཤེས་མ་རྣམས་ནས་གཞུང་འཁྲིད་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ། ཕྱོགས་མཚུངས་འཇང་དགུན་ཆོས་ཆེན་མོར་བཅར་བའི་བཙུན་མ་རྣམས་ལ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།
༸གོང་ས་མཆོག་གིས་ཐེངས་དང་པོའི་དགེ་བཤེས་མ་རྣམས་ལ་ཁྱག་ཁྱེར་བསྩལ་བ་དང་། དགེ་བཤེས་མ་རྣམས་ཀྱིས་བཙུན་མའི་འདུས་སྡེ་སྤྱིའི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་བཀའ་དྲིན་གཏང་རག་མཚོན་ཕྱིར་མངོན་བསྟོད་ཀྱི་ཡིག་བྱང་ཕུལ་ཡོད་པ་རེད།
༸གོང་ས་མཆོག་གིས་བཙུན་མ་རྣམས་ལ་བླངས་དོར་བཀའ་སློབ་གནང་དོན། “ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་གཞུང་དེ་དག སྤྱིར་ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་ཆོས་ཕྱོགས་ཀྱི་སྡེ་ཚན་འདི་དུས་ཕྱིས་ཀྱི་ཁམས་ཕྱོགས་ནས་གཉན་མགོན་གསུང་རབ་པ། ཞེས་ཧ་ཅང་གི་མཁས་པ་ཆེན་པོ་ཞིག་བྱུང་ཡོད། ཁོང་གིས་བསྟན་པ་སྤྱི་བཙན། གང་ཟག་སྒོས་བཙན། ཞེས་དབྱེ་བ་འབྱེད་རྒྱུ་འདི་ངོས་ཀྱིས་ཧ་ཅང་འཇུག་པོ་ཞིག་མཐོང་བྱུང་། བར་སྐབས་ཞིབ་འཇུག་བྱེད་སྐབས། བཅོམ་ལྡན་འདས་ཀྱི་བདེན་བཞིའི་མདོ་དང་དེ་ལ་སོགས་པ་འདུལ་བའི་སྐོར། ཤེར་ཕྱིན་གྱི་མདོ་ལ་སོགས་པ་རྣམས་བསྟན་པ་སྤྱི་བཙན་རེད་འདུག དེའི་དགོངས་འགྲེལ་བྱམས་ཆོས་སྡེ་ལྔ་དང་རིག་ཚོགས་དྲུག་ལ་སོགས་པའི་གཞུང་དེ་དག་བསྟན་པ་སྤྱི་བཙན་རེད། བོད་གངས་ཅན་གྱི་ལྗོངས་སུ་ཆ་བཞག་པ་ཡིན་ནའང་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བ་ཚང་མས་གཞུང་ཆེན་བཅུ་གསུམ་གཟིགས་རྒྱུ། དཔེར་ན། ས་སྐྱར་མཚོན་ན་གྲགས་ཅན་བཅོ་བརྒྱད་ཀྱི་གཞུང་གཟིགས་ཡག དཔལ་ཡུལ་ཕལ་ཆེར་ཡིན་པ་ཡོད། གཞུང་ཉེར་ལྔ་ཞིག་གཟིགས་བཞིན་ཡོད། གང་ལྟར་ས་དགེ་བཀའ་རྙིང་ཚང་མར་ཁྱབ་ཐུབ་པ་ཞིག་ཆགས་འདུག འདི་བསྟན་པ་སྤྱི་བཙན་རེད་འདུག རྒྱུད་སྡེ་ཁག་དེ་དག་གང་ཟག་སྒོས་བཙན་རེད་འདུག ཐོག་མར་བཅོམ་ལྡན་འདས་ཀྱིས་གསུང་སྐབས་བྱ་རྒྱུད་ཀྱི་རྒྱུད་སྡེ་འགའ་ཤས་བཅོམ་ལྡན་འདས་དགེ་སློང་གི་རྣམ་པ་དེ་གའི་ཐོག་ནས་གསུང་པ་འགའ་ཤས་ཡོད་རེད་”ཅེས་བཀའ་སློབ་གནང་།
འཛམ་གླིང་ཐོག་བྱམས་བརྩེ་སྤེལ་བའི་སྐབས་ཀྱི་དུས་རབས་འདིར་བུད་མེད་ཀྱིས་བུད་མེད་ཀྱིས་ཤུགས་ཆེ་ཙམ་བྱེད་དགོས་ཀྱི་འདུག་ཅེས་ངས་ནམ་རྒྱུན་བཤད་བསྡད་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཡིན་ནའང་དེ་བཞིན་རེད། བུད་མེད་ཀྱི་ཐོབ་ཐང་དང་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོང་ཆེད་མཐོང་ཡར་སླེབས་དགོས་པ་དང་། བུད་མེད་རང་ངོས་ནས་གཞུང་ཆེན་སློབ་ནས་གཞུང་ཆེན་ཐོག་དགེ་རྒན་བྱེད་པ་སོགས་མང་ཙམ་ཡོང་ན་དེ་གནད་འགག་འདུག རབ་བྱུང་མའི་ནང་གཞུང་ཆེན་སློབ་རྒྱུ་ངས་ཐག་བཅད་ནས། དགེ་བཤེས་མ་སླེབས་ཐུབ་པ་བྱུང་ན་ཡག་པོ་འདུག་ཅེས་བཤད་དགོས་པའི་རྒྱབ་ལྗོངས་དེ་འདྲ་རེད། ངས་ཁྱེད་རང་བཙུན་མ་ཚོར་སྤྲེལ་ལད་འཁྲབ་ནས་དགེ་བཤེས་མ་ལབ་མ་རེད། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་འགྲོ་སྟངས་སྤྱི་ཡོངས་ལ་ཕྱོགས་བསྡོམས་བརྒྱབ་ཡོང་དུས་བུད་མེད་གནད་འགག་ཆེན་པོ་ཡིན་དང་། བུད་མེད་ཚོས་སྤྱི་ཚོགས་ཐོག་ཞབས་འདེགས་བསྒྲུབ་རྒྱུ་དང་། རིག་གཞུང་ཐོག་ཞབས་འདེགས་བསྒྲུབ་རྒྱུ། ཆོས་ལུགས་ཐོག་ནས་ཞབས་འདེགས་བསྒྲུབ་ཐུབ་པའི་ཆ་རྐྱེན་གཅིག་སློབ་སྦྱོང་ཡོད་པ་བྱུང་ན་ནུས་པ་ཡོང་གི་རེད་ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
དགེ་བཤེས་མ་ཐེངས་དང་པོའི་མཚན་རྟགས་བཞེས་མཁན་ཁོངས་དྷ་ས་དགེ་ལྡན་ཆོས་གླིང་ནས་བཙུན་མ་གྲངས་གཅིག་དང་། མོན་གྷོ་བྱང་ཆུབ་ཆོས་གླིང་ནས་བཙུན་མ་གྲངས་ལྔ། བལ་ཡུལ་ཀོ་པཎ་བཙུན་དགོན་ནས་བཙུན་མ་གྲངས་གཉིས། དྷ་ས་འཇམ་དབྱངས་ཆོས་གླིང་ནས་བཙུན་མ་གྲངས་དྲུག དྷ་ས་སྒྲོལ་མ་གླིང་ནས་བཙུན་མ་གྲངས་དྲུག་བཅས་ཉི་ཤུ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།