དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་འགོ་བཙུགས་ནས་མི་ལོ༢༥ འཁོར་བའི་མཛད་སྒོ་འཚོགས་སོང་།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་འགོ་བཙུགས་ནས་མི་ལོ་༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
ཕྱི་ཚེས་༡༥ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་འགོ་འཛུགས་བྱས་ནས་མི་ལོ་༢༥ འཁོར་བའི་དུས་དྲན་དེ་ཉིད་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་ནང་སྲུང་བརྩི་ཞུས་སོང་ལ། དུས་དྲན་སྲུང་བརྩི་དེ་དུས་ཡུན་ཉི་མ་ལྔའི་རིང་འཚོགས་འཆར་འདུག དེ་རིང་གི་མཛད་སྒོའི་སྐབས་སུ་ཆེ་བསྟོད་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་སྐུ་མཁས་དབང་ཟམ་གདོང་རིན་པོ་ཆེ། དེ་བཞིན་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་སྦྱིན་བདག་དང་ཚོགས་གཙོ་སྦོ་སྦི་སེ་སྒར་(Mr.Bobby sager)གཙོས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ས་ཕྱོགས་གང་སར་ནས་ཕེབས་པའི་ཚན་རིག་ལས་འཆར་ནང་ཆ་ཤས་ལེན་མྱོང་མཁན་དགེ་འདུན་པ་དང་བཙུན་མ། ཕྱི་རྒྱལ་བ་སོགས་བརྒྱ་ལྷག་ཙམ་ཞིག་ཆེད་དུ་ཕེབས་གནང་འདུག
སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ནས་(Mr.Bobby sager)ཁོང་གིས་༧གོང་ས་མཆོག་ཐོག་མར་མཇལ་དུས་༧གོང་ས་མཆོག་ལ་ང་རང་གི་ངོས་ནས་ཁྱེད་ལ་རོགས་རམ་ཞིག་བྱེད་འདོད་འདུག་པས། ངས་གང་བྱེད་ཐུབ་ཀྱི་རེད་ཅེས་བཀའ་འདྲི་ཞུས་ཡོད་འདུག་པ་དང་། སྐབས་དེ་དུས་༧་གོང་ས་མཆོག་ནས་དེ་མ་ཐག་ཏུ་ཚན་རིག་ཅེས་གསུངས་ཡོད་པས། ཁོང་གིས་༧གོང་ས་མཆོག་ནས་དུས་ཡུན་རིང་པོར་ཚན་རིག་གི་སྐོར་ཐུགས་དགོངས་ཟབ་མོ་བཞེས་ཡོད་པ་ཤེས་རྟོགས་བྱུང་རྗེས། སྦོ་སྦི་སེ་སྒར་(Mr.Bobby sager)ཁོང་ནས་ཚན་རིག་ལས་འཆར་དེ་འགོ་འཛུགས་བྱེད་རྒྱུའི་ཐད་རོགས་རམ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པར་གསུངས་སོང་ལ། དེ་བཞིན་འདས་པའི་ལོ་༢༥ རིང་གི་དུས་ཡུན་ནང་ནུབ་ཕྱོགས་པའི་རྒྱལ་ཁབ་འདྲ་མིན་གྱི་མཐོ་སློབ་དང་མཉམ་འབྲེལ་བྱས་ནས་ལས་འཆར་མང་པོ་ཞིག་སྤེལ་ཡོད་པ་དང་། ལས་འཆར་དེ་དག་ནི་རྒྱ་གར་ནང་དུ་ཡོད་པའི་བོད་པའི་དགོན་སྡེ་ཁག་དང་། འབྲངས་ལྗོངས་དང་། འབྲུག བལ་ཡུལ་སོགས་ཀྱི་ཧི་མ་ལ་ཡའི་གྲྭ་བཙུན་སྟོང་ཕྲག་འགའ་ཤས་ལ་ཚན་རིག་གི་ཟབ་སྦྱོང་དང་ལས་གཞི་སྤེལ་ཡོད་པར་གསུངས་སོང་།

དེ་བཞིན་ཆེ་བསྟོད་སྐུ་མགྲོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ནས་གསུང་བཤད་གནང་དོན། ཁོང་ནས་ད་ཆར་བོད་པའི་སྤྱི་ཚོགས་ཁྲོད་དགེ་འདུན་པ་མང་པོ་ཞིག་ལ་ཚན་རིག་གི་གོ་རྟོགས་མི་ཉུང་བ་ཞིག་འཐོབ་ཀྱི་ཡོད་པར་བརྟེན། དེང་རབས་ཀྱི་ཕྱི་དངོས་པོའི་དཔལ་ཡོན་ཧ་ཅང་ཡར་རྒྱས་འགྲོ་བཞིན་ཡོད་པ་ཇི་བཞིན། ང་ཚོའི་ངོས་ནས་ཚན་རིག་དང་གཞན་ཤེས་རིག་གསར་པ་དེ་དག་ནས་ཐབས་ལམ་གསར་པ་དེ་འདྲ་ནང་འདྲེན་བྱས་ནས་ནང་ཆོས་ཁྲོད་ཉམས་ལེན་བྱེད་སྟངས་ཐབས་ལམ་གསར་པ་དེ་འདྲ་རག་ཐབས་བྱེད་དགོས་རྒྱུ་དེ་གལ་ཆེན་ཡིན་པ་དང་། སྲོལ་རྒྱུན་གྱི་ཤེས་རིག་ཁྲོད་ཐབས་ལམ་གསར་པ་དང་། ཤེས་རིག་གསར་པ་ནང་འདྲེན་བྱེད་དགོས་གལ་ཆེན་པོ་ཡིན་པར་གསུངས་སོང་།
དེ་རིང་དམིགས་བསལ་སྐུ་མགྲོན་མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་ཁོང་སྤྱིར་བཏང་ཚན་རིག་དང་རྒྱང་ཐག་རིང་པོ་སྡོད་མཁན་ཞིག་ཡིན་ཡང་། ད་ཆར་སྤྱི་ཚོགས་འགྱུར་གྲོས་དང་བསྟུན་ནས་ལས་འཆར་དེ་དག་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལས་དོན་དེ་མི་རིགས་གཅིག་དང་། རྒྱལ་ཁབ་གཅིག སྡེ་ཚན་གཅིག་གི་ལས་དོན་མིན་པར། སའི་གོ་ལ་འདིའི་ཐོག་ཡོད་པའི་སེམས་ཅན་ཚང་མའི་བདེ་དོན་གྱི་ཆེད་དུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད་ལ། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་ལ་འདིའི་ཐོག་ཏུ་གནས་ཡོད་པའི་འགྲོ་བ་མི་དང་སྲོག་ཆགས་རྣམས་འཚོ་གནས་བྱེད་ཐུབ་མིན་གྱི་མཚམས་ལ་བསླེབས་པའི་ཉེན་ཁའི་གནས་ལས་གྲོལ་བའི་ལམ་ཁ་གཅིག་ཡོད་པ་དེ་ཡིན་པས། ལས་འཆར་དེ་མུ་མཐུད་ནས་མཇུག་སྐྱོང་གནང་རོགས་ཞེས་ཞུས་སོང་།

དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་དེ་ནི་ཐོག་མར་(Boston)དུ་རྟེན་གཞི་བྱས་པའི་སེ་སྒར་ཁྱིམ་ཚང་ཐེབས་རྩ་(Sager Family Foundation)དང་མཉམ་དུ་དམིགས་བསལ་འབྲེལ་བ་བྱུང་ནས་ཕྱི་ལོ་༢༠༠༡ ལོར་གསར་འཛུགས་ཞུས་པ་ཞིག་དང་། འབྲེལ་ལམ་དེ་ཡང་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་གཞི་ཁག་འཕེལ་རྒྱས་དང་རྒྱུན་འཛིན་ཆེད་གསར་གཏོད་བྱས་པ་ཞིག་ཡིན་འདུག བོད་ཀྱི་དཔེ་མཛོད་ཁང་ནས་༧གོང་ས་མཆོག་གིས་ཐུགས་སྣང་དང་ལམ་སྟོན་གནང་བ་བརྒྱུད་དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་འདིས་བཙན་བྱོལ་སྤྱི་ཚོགས་ནང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་མཁན་དགོན་སྡེ་ཆེ་ཁག་གི་དགེ་འདུན་པ་རྣམས་ལ་ཚན་རིག་ངོ་སྤྲོད་བྱ་རྒྱུར་འབད་བརྩོན་ཞུས་པ་ཞིག་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།