ཆེད་བརྗོད།
ཕྱི་ལོ་༢༠༢༡ ཟླ་༦ ཚེས་༢༠ རེས་གཟའ་ཉི་མའི་ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་ཁྱབ་ཁོངས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ། བོད་མི་བློ་བཟང་བསྟན་འཛིན་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རྣམས་ཀྱི་བྱེད་སྟངས་ལ་ངོ་རྒོལ་བྱས་ཡོད། ད་བར་མི་ལོ་༦༠ ལྷག་གི་རིང་བོད་ཕྱི་ནང་གཉིས་སུ་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཧ་ཅང་མང་པོ་ཞིག་བྱུང་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རྣམས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་ཁོང་དང་པོ་ཆགས་ཡོད། སྤྱི་འཐུས་ཤོག་ཁག་གཉིས་ཆགས་ནས་རྩོད་གླེང་འགྲོ་བཞིན་པ་དང་། སྲིད་སྐྱོང་གི་དམ་འབུལ་ཁྲིམས་མཐུན་ཡིན་མིན་གྱི་རྩོད་གླེང་། ཁྲིམས་ཞིབ་པ་ཟུར་པ་གསུམ་གྱིས་ཁྲིམས་ཞིབ་ཁང་ཧམ་བཟུང་བྱས་པ་བཅས་གཙོ་བོ་གང་ལ་དམིགས་ནས་ངོ་རྒོལ་བྱས་པ་ཡིན་གསལ་པོ་དེ་ཙམ་ཆགས་མེད་ནའང་། ཁོང་ལ་གཞན་གྱི་གནོན་ཤུགས་གང་ཡང་མེད་པའི་ཐོག་དགོས་འདུན་ངོ་མ་གང་ཡིན་པ་དེར་བདག་པོ་ངེས་པར་དུ་རྒྱག་དགོས།
སྟབས་ལེགས་པ་ཞིག་ལ་བློ་བཟང་བསྟན་འཛིན་ཁོང་གི་ཚེ་སྲོག་ལ་ཉེན་ཁ་མ་འཕྲད་གོང་མེ་གསོད་ཐུབ་ཡོད་ནའང་། ཁོང་གིས་བློས་གཏོང་ཆེན་པོ་དེ་འདྲ་ཞིག་བྱས་ཡོང་བའི་སྐབས་སུ་མི་མང་གིས་ཐད་ཀར་འདེམས་ཐོན་སྲིད་སྐྱོང་དང་། ཁྲིམས་ཞིབ་པ་ཟུར་པ་རྣམ་པ། སྤྱི་འཐུས་ཤོག་ཁག་གཉིས་ཆགས་པ་བཅས་གང་རུང་ཞིག་ལ་ངོ་རྒོལ་བྱས་པའམ། ཡང་ན་ཚང་མར་མཉམ་དུ་ངོ་རྒོལ་བྱས་པ་ཡིན། གང་ལྟར་ཡང་འབྲེལ་ཡོད་ཚང་མས་གནད་དོན་འདིར་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། ད་བར་བོད་ནང་དུ་རང་ལུས་མེ་སྲེག་ཁ་གསལ་བྱུང་བ་གྲངས་༡༥༥ ཙམ་བྱུང་ཡོད་པ་དེ་དག་གི་དགོས་འདུན་ལ། རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་བདག་སྤྲོད་རྩ་བ་ནས་བྱས་མེད་པ་བཞིན། བཙན་བྱོལ་ནང་ཆགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་དག་གི་ངོས་ནས་ཀྱང་རང་ལུས་མེ་སྲེག་གིས་ངོ་རྒོལ་བྱས་པའི་དགོས་འདུན་དེར་དང་ལེན་གཏན་ནས་བྱེད་མ་ཐུབ་ན། ད་ལྟ་བཅའ་ཁྲིམས་སྦོ་ལུག་པ་བཞིན། སྒྲིག་འཛུགས་དང་དང་སྤྱི་ཚོགས་ཀྱང་རིམ་པས་སྦོ་ལུག་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད།
མ་འོངས་པར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ལས་ཀ་བྱེད་ཕྱོགས་ལ་འདོད་པ་མཐུན་མིན་གྱིས་ངོ་རྒོལ་བྱེད་མཁན་ཡོང་སྲིད་ནའང་། རང་སྲོག་བློས་གཏོང་གི་ངོ་རྒོལ་ཆེན་པོ་འདི་འདྲ་བྱེད་མི་དགོས་པའི་ཐབས་ཤེས་བྱེད་དགོས་པ་དེ་མི་མང་གི་ངོས་ནས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ཡིན། རང་ལུས་མེ་སྲེག་དེ་ཉིད་བོད་པའི་སྤྱི་ཚོགས་སུ་དར་སོ་ཙམ་དུ་བརྩིས་ན། བོད་ནང་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་གཏོང་གནང་བ་དེ་དག་གི་རིན་ཐང་ལ་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་སྲིད་པ་དང་། བོད་མི་རྣམས་ཀྱི་སེམས་ནང་དུ་བློས་གཏོང་ཆེན་པོ་དེ་ལ་རིན་ཐང་དེ་ཙམ་མེད་པའི་བསམ་བློ་འཁོར་སྲིད་པ་རེད། དེར་བརྟེན་མང་གཙོའི་སྤྱི་ཚོགས་ནང་གཞུང་ལ་ངོ་རྒོལ་བྱེད་ཆོག་པ་དང་། གཞུང་གིས་ཀྱང་དེ་ལ་ཡ་ལན་དང་བདག་སྤྲོད་བྱེད་དགོས་པ་དེ་རྒྱུན་ལྡན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་ནའང་། བློས་གཏོང་བྱེད་པར་ནུས་པ་ག་འདྲ་ཞིག་ཐོན་ཐུབ་མིན་དང་། ཁོར་ཡུག་དང་དུས་ཚོད་གང་ཐད་ནས་བསམ་བློ་བཏང་སྟེ་འཆར་གཞི་ངེས་པར་དུ་ཡོད་དགོས་པ་ཞིག་རེད།
མི་མང་གི་ངོ་རྒོལ་ལ་བདག་པོ་གཏན་ནས་རྒྱག་མི་ཕོད་པའི་མགོ་ཁྲིད་ཅིག་ལ་མཚོན་ན། རང་བཞིན་གྱིས་རུལ་སུངས་ཀྱི་ལམ་དུ་བསྐྱོད་བཞིན་པའི་རྟགས་ཡིན་པ་དང་། བསྟོད་པ་ལས་ཀྱང་སྐྱོན་བརྗོད་ལ་དགའ་བའི་མགོ་ཁྲིད་ནི་མང་གཙོའི་གོམས་གཤིས་གཞི་རྩར་བཞག་ཅིང་། ཡར་ཐོན་གྱི་བསམ་བློ་ཆ་ཚང་ཡོད་པའི་ཁྱད་འཕགས་ཀྱི་མགོ་ཁྲིད་ཚད་ལྡན་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། སྡུག་ས་ནས་བཤད་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོར་སྒྲིག་འཛུགས་དང་། རྩ་དོན། སྤྱི་ཚོགས་བཅས་གཅིག་སྒྲིལ་བྱེད་ཐུབ་པའི་གཞི་རྩ་གཙོ་བོ་དེ་མང་གཙོ་ཡིན་པ་ལས། ཐབས་ལམ་གཞན་ཞིག་གཏན་ནས་མེད། དེར་བརྟེན་མང་གཙོའི་གོམས་གཤིས་དང་ལེགས་བྱང་གི་སྐོར་ལ་བཙན་བྱོལ་བོད་པས་སྣང་ཆུང་གཏན་ནས་གཏོང་མི་རུང་ཞིང་། མང་གཙོ་ཞེས་པ་འོས་འཕེན་པ་གཅིག་པུ་ཙམ་མ་ཡིན་པར། སྤྱི་ཚོགས་ཀྱི་ནུས་པ་མཐོར་འདེགས་གཏོང་ཆེད་ངོ་རྒོལ་དང་འབོད་སྐུལ་བྱེད་པ་དག་ཀྱང་མང་གཙོའི་ཆ་ལག་གལ་ཆེན་པོའི་གྲས་སུ་ངོས་འཛིན་བྱེད་དགོས།
མདོར་ན་ད་ལན་བྱུང་བའི་གནས་ཚུལ་འདི་མང་གཙོའི་ཀ་བ་གསུམ་གྱི་མགོ་ཁྲིད་ཡིན་ཟེར་མཁན་སུ་ཡིན་ཡང་། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་གནས་ཚུལ་འདི་ལྟ་བུ་བྱུང་བ་ནི། སེམས་གཏིང་ནས་ངོ་ཚ་དགོས་པ་ཞིག་དང་། བློ་ཕམ་དགོས་པ་ཞིག ཡིད་སྐྱོ་དགོས་པ་ཞིག་ཡིན་པ་ལས། གནད་དོན་འདི་སྣང་མེད་གཏོང་ཐབས་དང་། ཁ་ཕྱོགས་སྒྱུར་ཐབས་བྱས་པ་ཙམ་གྱིས་གནད་དོན་གཙང་མ་ཆགས་ཐུབ་པ་ཞིག་མིན་ལ། ཐ་ན་མི་རེ་ཟུང་གིས་ཁོང་གི་མི་གཞི་སོགས་ལ་སྐྱོན་བརྗོད་བྱས་པའང་གོ་རྒྱུ་ཡོད་པ་ནི། གོ་རྟོགས་ཧ་ཅང་ཞན་པའི་རྟགས་ཙམ་དུ་གྱུར་ཡོད། ད་ལན་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་མགོ་ཁྲིད་ཡིན་ཟེར་མཁན་དག་གིས་བྱེད་སྟངས་ཡག་པོ་མ་བྱུང་བས། མི་དཀྱུས་མ་ཞིག་གིས་རང་སྲོག་བློས་གཏོང་གི་ངོ་རྒོལ་བྱེད་དགོས་བྱུང་ཡོད་པ་དང་། འདི་ལ་བརྟེན་ནས་ལེགས་བཅོས་དང་ཐག་གཅོད་ཡག་པོ་ཞིག་བྱེད་མ་ཐུབ་ན། མ་འོངས་པར་འདི་ལས་ལྷག་པའི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་མང་པོ་ཡོང་ངེས་པས་དུས་དང་མཐུན་པའི་ཐག་གཅོད་ཅིག་བྱེད་རན་འདུག །