དགྲ་གཉེན་གོ་འཛོལ་མ་ཐེབས་པའི་ཐོག་ནས་རྩ་དོན་འཐབ་རྩོད་བྱེད་དགོས་པའི་དུས་ལ་བབ་ཡོད།

དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ།

ཉིན་ཤས་གོང་ནས་བཟུང་རྒྱ་ནག་ནང་གི་གྲོང་ཁྱེར་ཧྲང་ཧེས་གཙོས་ས་གནས་ཆེ་ཁག་མང་པོའི་ནང་དུ་མང་ཚོགས་རང་བཞིན་གྱིས་སྒེར་གཅོད་དང་དྲག་གནོན་ལ་ཞི་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་འགོ་བཙུགས་ཡོད། བརྒྱུད་ལམ་ཁག་ཏུ་ཉེན་རྟོག་པས་ཞི་རྒོལ་བའི་ཁྲོད་ནས་སྐད་འབོད་བྱེད་མཁན་ཚོ་འཛིན་བཟུང་དང་གཅར་རྡུང་བྱེད་བཞིན་པ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་པ་དང་། ལྷག་པར་དུ་དེའི་ཁྲོད་དུ་བུ་མོ་ཆུང་ཆུང་ཞིག་གིས་མིག་ཟུང་ཉེན་རྟོག་པའི་ཕྱོགས་སུ་ཞེད་སྣང་ངང་ཅེར་བཞིན་ལག་པ་གཅིག་གིས་རང་གི་ཕའི་ཁ་བཀབ་པའི་ཡིད་སྐྱོ་བའི་འདྲ་པར་ཞིག་དྲྭ་ལམ་དུ་མཐོང་བྱུང་། སྐབས་དེར་བདག་གི་དྲན་པའི་ངོས་སུ་ལྷང་ངེར་འཆར་ཡོང་བ་ནི་གཞིས་བཞུགས་སྤུན་ཟླ་ཚོས་མི་ལོ་དྲུག་ཅུ་ལྷག་གི་རིང་ལ་དེ་ལྟ་བུའི་སྡུག་སྦྱོང་མནར་གཅོད་མྱངས་ཡོད་པ་རེད་ཨང་སྙམ་པའི་ཚོར་འདུ་དྲག་པོ་ཞིག་གིས་སེམས་རྩ་སྐྱོ་ལྷང་ལྷང་དང་མིག་མཐའ་འཁྱག་སིབ་སིབ་ཏུ་གྱུར།

སྤྱིར་རྒྱ་གཞུང་གི་དྲག་གནོན་འོག་ནས་སྡུག་སྦྱོང་མྱངས་ཡོད་པ་དེ་བོད་མི་ཕལ་མོ་ཆེ་གཅིག་མཚུངས་ཡིན་ཡང་། སོ་སོ་སྒེར་དང་འབྲེལ་བའི་ཐོག་ནས་རོབ་ཙམ་ཞུས་ན། དེའང་ཕྱི་ལོ་ ༡༩༦༠ ནང་བདག་གི་སྤོ་པོ་བརྩོན་འགྲུས་དང་ཨ་ཁུ་དགྲ་འདུལ་གཉིས་ཀྱང་གདུག་རྩུབ་ཅན་གྱི་རྒྱ་གཞུང་གིས་ཉེས་མེད་འཛིན་བཟུང་དང་གཅར་རྡུང་བྱས་ནས་བཙན་ཁྲིད་བྱས་ཏེ་མཐར་སྤོ་པོ་བརྩོན་འགྲུས་འབའ་ཐང་དུ་རྒྱ་གཞུང་གིས་དམར་གསོད་བཏང་ཞིང་། དེ་བཞིན་ཨ་ཁུ་དགྲ་འདུལ་ཡང་མི་ཉག་ར་རྔ་ཁར་དམར་གསོད་བཏང་བའི་དངོས་བྱུང་གནས་སྟངས་རྣམས་ཆུང་དུས་ནས་ཕ་དམ་པས་གཙོས་གྲོང་མི་རྒན་པ་རྣམས་ཀྱི་མདུན་ནས་ཡང་ཡང་གོ་མྱོང་ཡོད། དེ་ནི་མི་རབས་གོང་མ་ཚོས་བརྒྱུད་པའི་དཀའ་སྡུག་གི་ལོ་རྒྱུས་ཤིག་རེད། དེ་བཞིན་རང་ཉིད་ལ་མཚོན་ན། དྲིན་ཆེན་ཕ་མ་གཉིས་གཙོས་སྤུན་ཉེ་འབྲེལ་ཡོད་ཚོ་དང་ཁ་བྲལ་ནས་ཉིན་གྲངས་མང་པོར་དཀའ་སྡུག་དུ་མ་མྱངས་ནས་སྟོད་ཀྱི་ཧི་མ་ལ་ཡའི་རི་བརྒྱུད་བརྒལ་ནས་མི་ཡུལ་དུ་ཡོང་དགོས་བྱུང་ཞིང་། ད་ལྟའི་ཆར་དྲན་པའི་མེ་ལོང་ངོས་སུ་གསལ་ལྷང་ངེར་འཆར་རྒྱུ་ཞིག་ཡོད་པ་ནི། བྲོལ་བྱོལ་གྱི་ལམ་བར་ནས་ཕ་མ་དྲན་པའི་མིག་ཆུ་དང་ལྷན་དུ་ཆོད་སེམས་ཤིག་སྐྱེས་པ་ནི། དགྲ་བོ་རྒྱ་དམར་བོད་ནང་རྩ་མེད་གཏོང་དགོས་རྒྱུ་དང་། དགྲ་བོ་རྒྱ་དམར་ལ་དུས་ནམ་ཡང་ཡིད་ཆེས་མི་བྱེད་རྒྱུ་དང་། གཅེས་པའི་ཚེ་སྲོག་ཤོར་དགོས་བྱུང་ཡང་དགྲ་བོ་རྒྱ་དམར་ལ་མགོ་བོ་མི་སྒུར་བསམས་པ་དེ་རེད།

བཙན་བྱོལ་ནང་སླེབས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཀྱི་ཐུགས་རྗེ་བཀའ་དྲིན་འོག་ནས་གདན་ས་ཆེན་པོར་སློབ་གཉེར་བྱེད་རྒྱུའི་བསྐལ་པ་བཟང་པོ་བྱུང་བ་དང་། དེའི་རིང་བཙན་བྱོལ་བོད་གཞུང་དང་ཚོགས་སྡེ་ཁག་གི་སྣེ་འཁྲིད་འོག་སྤེལ་བའི་ལས་འགུལ་ཁག་དང་། དེ་ནང་བཞིན་རྒྱ་དམར་གཞུང་གི་འགོ་དཔོན་ཚོ་རྒྱལ་ས་ལྡི་ལི་སོགས་སུ་སླེབས་སྐབས་ངོ་རྒོལ་ལས་འགུལ་ནང་དུ་མཉམ་ཞུགས་བྱེད་པར་སེམས་ཤུགས་ཡོད་པ་ལྟར་སློབ་གཉེར་བྱེད་ཞོར་དུས་ཚོད་གང་རག་ལ་མཉམ་ཞུགས་ཀྱང་ཐེངས་མང་བྱས། འོན་ཀྱང་། བར་སྐབས་ཤིག་ནས་བཙན་བྱོལ་སྤྱི་ཚོགས་ནང་ཕོ་མོ་རྒན་གཞོན་མང་པོ་ཞིག་ནས་སྟག་འཆོང་སར་ཝ་འཆོང་ཟེར་སྲོལ་ཡོད་པ་ལྟར། བདག་གཞན་བརྗེ་བའི་བློ་དང་བྱམས་སྙིང་རྗེ་བཅས་ལག་ལེན་བྱེད་བཞིན་ཡོད་ཁུལ་བྱས་ནས་དགྲ་གཉེན་གོ་འཛོལ་ཐེབས་པའི་ལས་འགུལ་སྣ་མང་ཞིག་སྤེལ་འགོ་བརྩམས་ཏེ། མཐར་སེམས་ཤུགས་དང་ལ་ཞེན་ཅན་མང་པོ་ཞིག་བོད་ཀྱི་རྩ་དོན་དང་སེམས་ཐག་ཇེ་རིང་དུ་བཏང་ཡོད་པ་དེང་གི་དུས་སུ་མཐོང་ཆོས་སུ་གྱུར་ཡོད།

འདི་ལྟར་འཕགས་པ་ཀཱ་ཏྱཱ་ན་མཆོག་གིས་ཕ་ཤ་ཟ་བཞིན་མ་ལ་རྡེག ལས་ངན་དགྲ་བོ་པང་ལ་བཟུང་ཞེས་གསུངས་པའི་གཏན་ཚིག་གིས་ཕྱུག་པའི་དཔེ་ལྟར། དགྲ་བོ་ལ་གཉེན་གྱི་འདུ་ཤེས་བཟུང་ཞིང་གཉེན་ལ་དགྲའི་འདུ་ཤེས་བཟུང་སྟེ་གོ་ལྡོག་པའི་བཙན་བྱོལ་སྤྱི་ཚོགས་འདིའི་བྱ་སྤྱོད་མཐོང་ཡོང་དུས། མིག་མཐར་མཆི་མ་འཁོར་ནས་དྲན་མེད་ལྟ་བུ་བསྡད་རྒྱུ་ལས་ལྷག་མི་འདུག་ཨང་སྙམ་པའང་བསམ་བློར་ཐེངས་མང་འཁོར། འོན་ཀྱང་། སྟབས་ལེགས་པ་ཞིག་ལ་བདག་གི་བཀའ་དྲིན་གསུམ་གྱི་དྲིན་ཆེན་རྩ་བའི་བླ་མ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་གི་བོད་དོན་འཐབ་རྩོད་ཀྱི་འགན་དེ་བོད་པ་མི་རེ་ངོ་རེ་ལ་ཡོད་ཅེས་དང་། དམིགས་གསལ་སེར་སྐྱ་ཚང་མས་འགན་ལེན་དགོས་པའི་བཀའ་སློབ་དང་། དེ་བཞིན་བོད་དོན་འཐབ་རྩོད་ཐད་ང་མེད་པ་ལྟ་བུ་གནང་ཤོག་ཨ་ཞེས་པའི་བཀའ་སློབ། དེ་བཞིན་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་བཅས་ལ་ཡང་ཡང་ཞིབ་ཀྱིས་བསམ་བློ་གཏོང་དུས། མི་རིགས་འདིའི་རྩ་དོན་འཐབ་རྩོད་ཆེད་སོ་སོའི་གཅེས་པའི་ཚེ་སྲོག་བློ་གཏོང་བྱེད་དགོས་ཀྱང་འགྱོད་པ་མི་འདུག་ཨང་སྙམ་པའི་ཚོར་བ་དང་སྤོབས་པ་སྐྱེས་བཞིན་ཡོད། དེ་བས། རང་ཉིད་ཙམ་མིན་པར་བཙན་བྱོལ་བ་མི་རེ་ངོ་རེ་ནས་རང་གི་རྩ་བའི་བླ་མའི་བཀའ་སློབ་ཀྱི་ནང་དོན་ཁག་ཤེས་པའི་ཐོག་ནས། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་གཞིས་བཞུགས་བོད་མི་ཚོའི་མགྲིན་ཚབ་པ་ཞིག་བྱེད་རྒྱུ་དང་། དེ་ཡང་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་འདས་པའི་ལོ་རྒྱུས་རྣམས་དུས་ནས་དུས་སུ་དྲན་གསོ་དང་སོ་སོར་ཚ་འདྲི་བྱས་ཏེ། ཕ་མ་སྤུན་ཉེ་བརྒྱ་ཕྲག་མང་པོ་དམར་གསོད་གཏོང་མཁན་གཡོ་སྒྱུ་ཁྲམ་གསུམ་ཚང་བའི་དགྲ་བོ་དམར་པོའི་སྲིད་གཞུང་ལ་ནམ་ཡང་རེ་བ་དང་ཡིད་ཆེད་བྱེད་མི་ཉན་པའི་བསླབ་བྱ་ལེན་དགོས་པའི་དུས་ལ་བབ་འདུག་སྙམ།། །།

Share this:

Leave a Reply