ཆེད་བརྗོད།
བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་གྱིས་འཕྲོགས་ཤིང་། ༧གོང་ས་མཆོག་གིས་གཙོས་བོད་མི་འབུམ་གཅིག་དང་ཕྱེད་ལྷག་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དགྲ་བོ་རྒྱ་དམར་གཞུང་གིས་བྱས་ཡོད་པ་དང་། བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་གཏོང་མཁན་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་སྟོང་ཕྲག་དྲུག་ལྷག་རྩ་གཏོར་གཏོང་མཁན་ཡང་རྒྱ་དམར་དྲག་པོའི་གཞུང་རེད། བོད་མི་ཞིག་ལ་མཚོན་ན་དུས་དང་རྣམ་པ་ཀུན་ཏུ་དགྲ་གཉེན་མ་ནོར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ཞིང་། རྒྱ་དམར་གཞུང་གིས་བཙན་འཛུལ་དང་དྲག་གནོན་བྱས་མེད་ན། དེང་རབས་འཛུགས་སྐྲུན་དང་རྡུལ་ཕྲན་མཚོན་ཆ་སོགས་ཀྱི་ཐད་ནས་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་རྒྱལ་ཁབ་ཅིག་མིན་ནའང་། འབྲུག་ཡུལ་ལྟ་བུ་ཞི་བདེ་བག་ཕེབས་སུ་གནས་པའི་རྒྱལ་ཁབ་ཅིག་ཡིན་པ་གསལ་པོ་རེད། ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་ནི། ས་གནས་དེའི་མི་མང་གི་དགོས་མཁོ་དང་གནས་བབས་ལ་གཞིགས་ནས་ཚད་འཛིན་དགོས་པ་ལས། ཁང་བརྩེགས་མཐོ་དམན་འཕྲུལ་ཆས་མང་ཉུང་ལ་བརྟེན་ནས་དབྱེ་བ་འབྱེད་དཀའ།
ཉེ་ཆར་གསུམ་བཅུའི་དུས་དྲན་ཐེངས་༦༤ པ་སྲུང་བརྩི་ཞུ་བའི་ལས་འགུལ་ཁག་གི་ནང་མི་མང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་དང་། ལས་འགུལ་འདི་ནི་བོད་ལ་མཚོན་ན་དུས་རྟག་ཏུ་བརྗེད་མི་རུང་བའི་དུས་དྲན་གལ་ཆེན་ཞིག་ཡིན་པས་མི་མང་ཕོན་ཆེ་འདུ་འཛོམས་བྱུང་བ་དེ་ཡང་འོས་ཤིང་འཚམས་པ་ཞིག་ཏུ་གྱུར་ཡོད། གནད་དོན་འདིའི་ཐོག་ནས་ད་དུང་ཡང་བོད་པའི་སྤྱི་ཚོགས་ནང་དགྲ་བོ་ལ་དགྲ་བོའི་འདུ་ཤེས་ཡོད་པའི་རྣམ་པ་ཞིག་མངོན་ཐུབ་ལ། བོད་ནང་དུ་རང་དབང་དང་འདྲ་མཉམ་མེད་པ་མ་ཟད། སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་གནས་སྟངས་ལ་ཚོར་བ་ཆེན་པོ་ཡོད་པའང་གསལ་པོ་མཚོན་ཡོད། འོན་ཀྱང་བོད་དོན་འཐབ་རྩོད་དང་བོད་ནང་གི་གནས་སྟངས་ལ་སེམས་ཚོར་ཡོད་པ་དེ་ཐེངས་གཅིག་བསྟན་པ་ཙམ་གྱིས་མི་ཆོག་པར། དུས་རྒྱུན་དུ་སེམས་ལ་ཡོད་དགོས་པ་ནི་བཟློག་ཐབས་མེད་པའི་ལས་འགན་ཞིག་ཏུ་གྱུར་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མི་རྣམས་ཀྱིས་དགྲ་བོ་རྒྱ་དམར་གཞུང་ལ་ཡིད་ཆེས་དང་རེ་བ་ཁོ་ན་བྱ་རྒྱུའི་ལྟ་ཚུལ་མི་སླེབས་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།
མི་རིང་བའི་ཆར་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྱི་གོ་སྒྲིག་འོག་བོད་ཀྱི་ལོ་གསར་སྐབས་བོད་མི་མང་གང་མང་ཞིག་མཉམ་ཞུགས་བྱས་ཡོད་པ་དང་། བལ་ཡུལ་དུ་ལོ་ལྟར་དེ་ལྟ་བུའི་གནས་ཚུལ་ཡོད་འདུག གཞན་ཡང་ཨ་རི་དང་། སུད་སི། ཨོ་གླིང་སོགས་སུ་བོད་མི་ཁག་ཅིག་དུས་རྒྱུན་རྒྱ་དམར་གཞུང་ཚབ་ཁང་གིས་གོ་སྒྲིག་བྱས་པའི་དུས་སྟོན་ཁག་ལ་མངོན་གསལ་དོད་པོས་བཅར་བཞིན་ཡོད་པ་དང་། མངོན་པར་མི་གསལ་བའི་ཐོག་ནས་འབྲེལ་བ་འཛིན་མཁན་དེ་བས་ཀྱང་མང་བ་ཡོད་པ་གསལ་པོར་གྱུར་ཡོད། བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་ནས་གོ་སྒྲིག་བྱས་པའི་བོད་ཀྱི་ལོ་གསར་གྱི་འདྲ་པར་ཁག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་པ་དང་། དེ་ལ་མཆན་འབྲི་མཁན་ཕལ་ཆེ་བས་གཅིག་རྗེས་གཉིས་མཐུད་དུ་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བྱེད་སྟངས་འདི་འོས་འཚམས་ཡིན་པའི་ལྟ་ཚུལ་འཛིན་པ་ལས། དགྲ་གཉེན་གོ་ལྡོག་དང་ནང་རུལ་པ་ཡིན་པའི་ལྟ་ཚུལ་འཛིན་མཁན་ཧ་ཅང་དཀོན་དུ་སོང་འདུག གནད་དོན་འདིའི་ཐོག་ནས་བལྟས་ན་བོད་པའི་འཐབ་རྩོད་ལ་དོན་གྱིས་ཉམས་ཆག་ཆེན་པོ་ཞིག་སོང་ཡོད་པ་མཚོན་ཐུབ།
ད་དུང་འདས་པའི་ལོ་ཤས་ནང་རྒྱ་དམར་གཞུང་གི་གསང་ཉུལ་བའི་མིང་ཐོག་ནས་ཨ་རི་དང་། སུ་ཝི་ཌན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་བོད་མི་ཁག་ཅིག་སྔ་རྗེས་སུ་འཛིན་བཟུང་བྱས་པ་མ་ཟད། རྒྱ་མི་གསང་ཉུལ་གྱི་དོགས་པ་ཡོད་པ་ཁག་ཅིག་ཀྱང་བོད་པའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་ས་ཆ་ནས་འཛིན་བཟུང་བྱས་སོང་། གནད་དོན་དེ་དག་གི་ཐོག་ལ་བཀའ་ཤག་སྔ་རྗེས་གཉིས་ཀའི་རྣམ་འགྱུར་ལངས་ཕྱོགས་གང་ཡང་གསལ་སྟོན་མ་བྱས་པས། རིམ་པས་གནད་དོན་འདི་དག་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་ཡིན་པའི་འགྲེལ་བརྗོད་བྱེད་མཁན་ཡོང་སྲིད་ས་རེད། དུས་རྒྱུན་རྒྱ་ནག་གཞུང་ཚབ་དང་འབྲེལ་ཡོད་ཁ་ཤས་ཀྱིས་མངོན་གསལ་དོད་པོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དགའ་བསུའི་གཏམ་བཤད་སྤེལ་བ་དང་། འདི་དག་ལ་ཁ་གསལ་གཏིང་གསལ་གྱི་སྲིད་བྱུས་དང་ལངས་ཕྱོགས་གསལ་པོ་མེད་པས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་དགྲ་གཉེན་ངོ་མི་ཤེས་མཁན་ནང་རུལ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་ཉེན་ཆེ།
མདོར་ན་རྒྱ་དམར་གཞུང་དང་མངོན་སུམ་འཛེམས་མེད་ཀྱིས་ལག་འབྲེལ་བྱེད་མཁན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཁ་གསལ་གཏིང་གསལ་གྱི་སྲིད་བྱུས་ཤིག་ཡོད་པ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། འདས་པའི་མི་ལོ་༢༠ ལྷག་གི་རིང་དབུ་མའི་ལམ་གྱི་སྲིད་བྱུས་ཁྱབ་སྤེལ་གྱི་ཆེད་དུ་ཟབ་སྦྱོང་སྤྲོད་རྒྱུ་མང་དྲགས་པའམ། ཡང་ན་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་མི་རྒྱུ་གཉིས་ཀྱི་ནུས་པ་བཏོན་ནས་ལས་འགུལ་སྤེལ་བར་ནུས་པ་དང་གྲུབ་འབྲས་ཐོན་པ་ཡིན་བཤད་དཀའ་ཡང་། ད་ལྟའི་ཆར་དགྲ་ཕྱོགས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ག་འདྲ་ཞིག་ཐོན་ཡང་དེ་ལ་ཧ་ལས་པའི་རྣམ་འགྱུར་སྟོན་མཁན་མེད་པར་སྤྱིར་བཏང་ལྟ་བུར་བརྩི་བའི་གནས་སྟངས་ཤིག་ཏུ་གྱུར་ཟིན་པ་ནི། འཐབ་རྩོད་ཀྱི་གནས་བབས་ཐོག་ནས་བཤད་ན་ཉམས་ཆག་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག མ་འོངས་པར་དགྲ་གཉེན་མ་ནོར་བའི་ཐོག་ནས་ས་མཚམས་གསལ་པོ་ཞིག་འཛིན་མ་ཐུབ་ན། མ་འོངས་པར་བོད་དོན་འཐབ་རྩོད་ལ་ནུས་པ་ཐོན་རྒྱུའི་རེ་བ་གང་ཡང་མེད་འགྱུར་ངེས་རེད།།