དགྲ་ལ་དགྲ་ཡི་འདུ་ཤེས་འདོར་མི་རུང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༤  ཕྱི་ལོ་ ༢༠༢༡/༣/༡༠   

དེ་རིང་ནི་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་གཞུང་གི་དྲག་གནོན་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ནས་མི་ལོ་ཧྲིལ་པོ་༦༢ འཁོར་བའི་ཉིན་མོ་ཡིན་ཞིང་། དུས་དེ་ཙམ་ནས་བཟུང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་བོད་མི་རིགས་ཀྱི་བདེ་དོན་ཆེད་ཚེ་སྲོག་ཤོར་བ་མ་ཟད། གཞིས་བཞུགས་བོད་མི་རྣམས་ཀྱིས་མུ་མཐུད་རྒྱ་དམར་གཞུང་ལ་ངོ་རྒོལ་སྐད་འབོད་རབས་དང་རིམ་པ་བྱས་ཡོད། ཕྱི་ལོ་༢༠༠༩ ལོ་ནས་བཟུང་བོད་ནང་ནས་བོད་རྒྱལ་ཁབ་སླར་གསོ་དང་། བོད་མི་རིགས་ཀྱི་བདེ་དོན་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་༡༥༥ ཙམ་གྱིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་ནས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས། ད་ལྟའི་ཆར་བོད་ས་ཁྱོན་ཡོངས་སུ་རྒྱ་དམར་གཞུང་གི་དམ་དྲག་འོག་བོད་ཡུལ་ནི་རང་དབང་གཏན་ནས་མེད་པའི་བཙོན་ཁང་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ཉིན་མོ་འདི་གཏན་ནས་བརྗེད་མི་རུང་བ་ཞིག་ཡིན།

སྤྱིར་རྒྱལ་ཁབ་ཅིག་གི་བདག་དབང་དང་། མི་རིགས་ཤིག་གི་རང་དབང་བཙན་འཕྲོགས་བྱས་པའི་དཀའ་ངལ་ནི། རང་དབང་ཤོར་མཁན་གྱི་མི་རིགས་དེས་ཤེས་པ་ལས། གཞན་དག་ལ་ཚོར་སྣང་ངོ་མ་དེ་ལྟ་བུ་ཞིག་གཏན་ནས་ཡོད་མི་སྲིད།  དོན་དངོས་སུ་བྲན་གཡོག་གི་འདུ་ཤེས་སམ་མི་རིགས་ཤིག་ལ་རང་དབང་མེད་པའི་དཀའ་ངལ་དེ་ངོས་འཛིན་མི་ཐུབ་པའི་མི་ཡང་གང་མང་ཞིག་ཡོང་སྲིད་པ་རང་བཞིན་ལྟ་བུར་གྱུར་ཡོད། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན་གྲོང་ཁྱེར་ཁག་མང་པོ་ཞིག་གི་ཁང་པ་རྣམས་གྲ་འགྲིག་པོ་མེད་པ་དང་། རང་སྣང་གང་དྲན་ལྟ་བུ་བྱས་པ་མཐོང་ཚེ། བོད་ནས་སླེབས་མཁན་ཁ་ཤས་ཀྱི་སྣང་ནོར་རྒྱ་གར་ནི་ཁྲིམས་མེད་ལུགས་མེད་དང་། ཡར་རྒྱས་གཏན་ནས་མེད་པ་ཞིག་ཏུ་ངོས་འཛིན་བྱེད། དོན་དངོས་སུ་རྒྱ་གར་དང་རྒྱ་ནག་གཉིས་ལ་གཏན་ནས་མི་འདྲ་ས་ཞིག་ཡོད་པ་ནི། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཆུང་ག་འདྲ་ཞིག་ཏུ་ཡིན་ནའང་། མི་ཞིག་ལ་ཁྲིམས་ཐོག་ནས་རང་ཉིད་ལ་དབང་བའི་ས་ཆ་ཞིག་ཡོད་ན་དེ་སྲིད་གཞུང་དང་། དབང་ཤེད་ཅན་སུ་གཅིག་གིས་འཕྲོག་ཐབས་མེད་པར་རང་ཉིད་ཀྱི་འདོད་མོས་བཞིན་བེད་སྤྱོད་བྱེད་ཆོག

རང་ཉིད་ཀྱི་ཁེ་ཕན་ལ་གནོད་པའམ། རང་ཉིད་ལ་འདོད་མོས་མེད་པའི་སྲིད་བྱུས་སམ་ཐག་གཅོད་ཅིག་བྱུང་ན། ཆབ་འབངས་མི་དཀྱུས་མ་གཅིག་གིས་ཀྱང་རང་དབང་གི་ཐོག་ནས་སྲིད་བློན་ལ་ངོ་རྒོལ་བྱེད་ཆོག་པ་སོགས་རང་དབང་ཆེ་ཆུང་གི་ཐོག་ནས་རྒྱ་དཀར་ནག་གཉིས་ལ་གནམ་སའི་ཁྱད་པར་ཡོད་པ་འདིའི་ཐོག་ནས། ད་ལྟའི་ཆར་བོད་ནང་དུ་བོད་མི་ཕལ་ཆེ་བའི་ལྷ་ཁང་དུ་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ཀྱི་པར་མ་བཤམས་ན་མི་ཆོག་པ་དང་། ཁང་པའི་སྟེང་དུ་རྒྱ་གཞུང་གི་རྒྱལ་དར་ངེས་པར་དུ་བསྒྲེང་དགོས་པའི་བཙན་བཀའ་བཏང་བ། རང་ཉིད་ཀྱི་བསམ་ཚུལ་ཙམ་ཐད་ཀར་བརྗོད་ན་བཙོན་འཇུག་མནར་གཅོད་གཏོང་བ། རང་དབང་གི་ཐོག་ནས་འགྲོ་བསྐྱོད་མི་ཆོག་པ་སོགས་དང་བསྡུར་ན་རང་དབང་ཡོད་མེད་ཀྱི་ཁྱད་པར་དང་ཁེ་ཕན་སོགས་ཡོངས་སུ་རྟོགས་ཐུབ། ལོ་འདིར་རྒྱལ་སྤྱིའི་རང་དབང་ཁང་(Freedom House) གི་ལོ་འཁོར་སྙན་ཐོའི་ནང་། བོད་ནི་རྒྱལ་སྤྱིའི་སྟེང་ནས་རང་དབང་མེད་མཁན་སྡུག་ཤོས་སུ་བཞག་འདུག་པ་དེ་རང་དབང་གི་ཐོག་ནས་ཞིབ་འཇུག་བྱས་པའི་གྲུབ་དོན་ཞིག་ཏུ་གྱུར་ཡོད།

གནས་སྟངས་འདི་དག་དང་བསྡུར་ནས་བལྟས་ན་རང་དབང་ཅན་གྱི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་བསམ་བློའི་ནང་། བོད་ལ་རང་དབང་མེད་པའི་དཀའ་ངལ་ཆེན་པོ་དེ་ཙམ་ཡོད་པའི་ཚོར་སྣང་དེ་ཤུགས་ཆུང་དུ་སོང་ཡོད་པ་ལྟ་བུར་གྱུར་ཡོད་ལ། རྒྱ་དམར་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཡང་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་པ་ལྟ་བུར་གྱུར་མེད་དམ་བསམ་པའི་གནས་སྟངས་ཤིག་མཐོང་རྒྱུ་ཡོད། རྒྱ་ནག་གཞུང་གི་འོག་ནས་རང་བཙན་བརྩད་ན་འཐོབ་མི་སྲིད་པ་དང་། རྒྱ་གཞུང་གི་འོག་ཏུ་བསྡད་ན་ཁེ་ཕན་ཆེ་བ་ལྟ་བུའི་ལྟ་ཚུལ་དེ་འདས་པའི་མི་ལོ་༢༠ ཙམ་གྱི་རིང་སྤྱི་ཚོགས་ནང་ཅུང་རྒྱ་ཁྱབ་ཏུ་གྱུར་ཡོད། གནས་ཚུལ་འདི་ལྟ་བུའི་འབྱུང་རྐྱེན་ངོ་མ་གང་ཡིན་མིན་ལ་བརྟག་དཔྱད་བྱས་ན། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་། དེ་ལ་བརྟེན་ནས་དྲིལ་བསྒྲགས་དང་སློབ་གསོ་ལ་ཐུག་ཡོད། ད་ལྟའི་ན་ཆུང་བྱིས་པ་རྣམས་ལ་བོད་ལ་རང་དབང་མེད་པའི་དཀའ་ངལ་དང་། བོད་ཀྱི་རང་དབང་འཕྲོག་མཁན་གྱི་དགྲ་བོ་ངོ་སྤྲོད་བྱ་རྒྱུའི་ལས་རིམ་དེ་ཧ་ཅང་དཀོན་པ་ནས་མེད་པ་ལྟ་བུར་འགྱུར་བཞིན་ཡོད།

མདོར་ན་སྤྱི་ཚོགས་ཁྱོན་ཡོངས་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་དང་། བོད་མི་རིགས་ཀྱི་རང་དབང་སླར་གསོ་བྱ་རྒྱུའི་ཁ་ཕྱོགས་གཏན་ནས་ནོར་མི་རུང་ཞིང་། ད་ལྟ་འཛམ་གླིང་གི་ཁྱོན་ཡོངས་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་འཆར་གཞི་ཡོད་བཞིན་པའི་སྐབས་འདིར། ཕ་གསོད་ལག་དམར་གྱི་དགྲ་བོ་ངོ་མ་ཡིན་པའི་བོད་མི་རིགས་ཀྱི་ངོས་ནས་རྒྱ་གཞུང་ལ་ལག་པ་གཏོང་རྒྱུ་དང་། རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུའི་བསམ་བློ་འདི་ནི་རང་མི་རིགས་དམར་གསོད་གཏོང་བའི་སྲིད་བྱུས་ཉག་གཅིག་ཏུ་ངོས་འཛིན་བྱེད་དགོས། ཕྱི་ལོ་༢༠༠༡ ཙམ་ནས་བཟུང་ད་ལྟའི་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་དགྲ་གཉེན་གྱི་ཁ་ཕྱོགས་ཡོངས་སུ་ནོར་བ་ལྟ་བུར་གྱུར་དང་འགྱུར་བཞིན་པ་ནི། བོད་ཀྱི་རང་དབང་སླར་གསོ་དང་། བོད་མི་རིགས་ཀྱི་ཚེ་སྲོག་རང་ཉིད་ཀྱིས་གཅོད་པ་ལྟ་བུར་གྱུར་ཡོད་པས། ད་ནས་བཟུང་རྒྱ་དམར་གཞུང་དེ་བོད་མི་རིགས་ཀྱི་དགྲ་བོ་ཡིན་པ་དང་། བོད་ལ་རང་དབང་རང་བཙན་མ་ཐོབ་ཀྱི་བར་དུ་བོད་མི་རིགས་ལ་བདེ་སྐྱིད་གཏན་ནས་ཡོང་མི་སྲིད་པ་འདི་བོད་མི་ཚང་མའི་བསམ་བློའི་ནང་སླེབས་ཐུབ་དགོས།།