དགྲ་ལ་དགྲའི་འདུ་ཤེས་འཛིན་དགོས།
ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འགོ་འཛུགས་བྱས་ནས་ཉིན་གསུམ་རྗེས་ལས་རིམ་མུ་མཐུད་མ་ཐུབ་པ་མ་ཟད། གྲོས་ཚོགས་ཚོགས་དུས་འདི་མཇུག་བསྡོམས་ཀྱང་མ་ཐུབ་པར་ཕར་འགྱངས་བྱེད་དགོས་བྱུང་ཡོད། དེ་ལ་སྐྱོན་བརྗོད་བྱེད་མཁན་ཇི་སྙེད་ཅིག་ཡོད་ཅིང་། རང་ཉིད་ལ་ཡོངས་སུ་དབང་བའི་ས་ཆ་ལག་མཐིལ་ཙམ་མེད་པའི་སྒྲིག་འཛུགས་ཤིག་ལ་མཚོན་ན། ཕྱིའི་རྣམ་པའི་ཐོག་ནས་དུས་རྒྱུན་དུ་གྲོས་ཚོགས་ནང་རྩོད་རྙོག་རྒྱུན་མ་ཆད་པར་བྱུང་བ་དང་། འཁྲུག་ཆ་དོད་པའི་རྣམ་པ་འདི་ལྟ་བུ་མུ་མཐུད་ཡང་ཡང་ལྷགས་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན། འོན་ཀྱང་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པ་ད་ལན་དང་པོ་མ་ཡིན་པར། ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་སྤྱི་འཐུས་ཚོགས་གཙོ་དང་། ད་ལྟའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ཚོགས་གཞོན་ཡིན་དུས། ཕྱི་ལོ་༢༠༠༩ ལོར་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཡིག་ཆ་ཨང་༣༨ པར་བརྟེན་ནས་མཇུག་བསྡོམས་ཐུབ་མེད།
རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་རྩོད་རྙོག་དང་འཁྲུག་ཆ་དོད་པའི་གནས་ཚུལ་སྣ་ཚོགས་ཡོད་ཀྱང་། མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་བཙན་བྱོལ་བའི་གྲོས་ཚོགས་ཤིག་ལ་མཚོན་ན་བོད་དོན་འཐབ་རྩོད་བྱ་རྒྱུ་གཙོ་བོར་འཛིན་དགོས་པ་ལས། ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་ཁག་ལ་ཚོར་བ་ཆེན་པོ་སྟོན་པ་ནི་སྤྱིའི་ཆ་ནས་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་ཞེས་པའི་དཔེ་དང་གཅིག་མཚུངས་རེད། བོད་པ་ནི་ནང་པ་སངས་རྒྱས་པའི་རྗེས་འབྲངས་དང་། འཚེ་མེད་ཞི་བདེ་ལ་ཡིད་ཆེས་བྱེད་མཁན་ཡིན་པའི་དར་ཆ་མཐོན་པོར་བསྒྲེངས་ནས། ཕྱིའི་དགྲ་བོ་ལ་འཁོན་སེམས་མི་འཛིན་པར་མ་འོངས་པར་རྒྱལ་ཁབ་གཅིག་དང་། འགོ་འཁྲིད་གཅིག ལམ་ལུགས་གཅིག་གི་ཐོག་ནས་ཤར་བསྐྱོད་བྱ་ཐུབ་པ་ཡིག་ངག་གཉིས་ཐོག་ནས་ཁས་ལེན་ཕྱིར་བསྒྲགས་བྱས་ཟིན་པའི་སྒྲིག་འཛུགས་ཤིག་ལ་མཚོན་ན། ད་ལྟའི་དུས་འདིར་བོད་པ་ནང་ཁུལ་དུ་བསམ་ཚུལ་ཅུང་མཐུན་མིན་ཙམ་ལ་བརྟེན་ནས་ཁྱོད་ཤི་ང་གསོན་གྱི་ཐོག་ནས་འཐབ་རྩོད་པ་བྱེད་དགོས་དོན་གཏན་ནས་མེད་པ་ལྟ་བུ་རེད།
གོང་དུ་བརྗོད་པ་བཞིན་ད་ལན་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་གནས་ཚུལ་དེ་ཡག་པོ་ཞིག་མིན་ནའང་། དེའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་ལ་བསམ་བློ་བཏང་ན་ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་ལ་བརྟེན་ནས་ཤོག་ཁག་དཔུང་སྒྲིག་བྱས་པ་ཞིག་དང་གཏན་ནས་མི་འདྲ་བར། སྤྱི་འཐུས་ཤིག་དགྲ་བོ་རྒྱ་དམར་གྱི་གཞུང་ཚབ་ཁང་གི་ལས་བྱེད་ཅིག་དང་ཐུག་འཕྲད་བྱས་ཡོད་མེད་ལ་བརྟེན་ནས་རྩོད་རྙོག་བྱུང་བ་དང་། གནད་དོན་དེ་ཡིན་ན་ཡིན་པ་དང་། མིན་ན་མིན་པའི་དཔང་རྟགས་གསལ་པོ་མ་ཆགས་ཀྱི་བར། གྲོས་ཚོགས་ནང་གནད་དོན་གང་ཡང་མེད་པའི་རྣམ་པ་བསྟན་ན་བོང་བུའི་ཨ་མཆོག་ནང་གསེར་བླུག་པ་དང་བྱེ་མ་བླུག་པ་གཅིག་མཚུངས་ཡིན་པ་ལྟ་བུར་གྱུར་པ་རེད། ད་ལན་གྲོས་ཚོགས་ཀྱི་རྣམ་འགྱུར་དེ་ནང་ཁུལ་དུ་ཁྱོད་ཤི་ང་གསོན་དང་ཤོག་ཁག་འཐེན་འཁྱེར་གྱི་གནད་དོན་ཞིག་མིན་པར། དགྲ་བོ་རྒྱ་དམར་གཞུང་གི་འབྲེལ་ཡོད་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་བྱས་དང་མ་བྱས་ལ་ཐུག་ཡོད་པས། དེ་ནི་ཡིན་ན་ཡིན་མི་ཆོག་པ་དང་། མིན་ན་མིན་མི་ཆོག་པ་ཞིག་རེད།
ད་ལྟའི་དུས་འདིར་དགྲ་བོ་རྒྱ་དམར་གཞུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་བྱེད་མཁན་མང་པོ་ཡོད་པ་དང་། དེ་དག་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་ལག་བསྟར་བྱས་པའི་རྣམ་འགྱུར་བསྟན་ཏེ་ངན་བྱས་ངོ་སོར་འཁྱེར་མཁན་ཡོད་པ་ནི་བོད་དོན་འཐབ་རྩོད་ཀྱི་ཉམས་ཆག་ཆེན་པོ་ཞིག་ཡིན་པ་དང་། དགྲ་བོ་རྒྱ་དམར་གཞུང་དང་མཉམ་དུ་འབྲེལ་བ་ཡོད་པ་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གྲུབ་འབྲས་ཡིན་ཚུལ་བརྗོད་མཁན་ཡོད་པའི་སྐབས་འདིར། གྲོས་ཚོགས་ཀྱི་འཐུས་མི་ཤིག་རྒྱ་དམར་གཞུང་ཚབ་ཀྱི་ལས་བྱེད་ཅིག་དང་ཐུག་འཕྲད་བྱས་ཡོད་མེད་ཀྱི་དོགས་གཞི་ཙམ་ལ་བརྟེན་ནས་མུ་མཐུད་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་ཚུལ་འདི་མཐོང་ཚེ་གཞི་རིམ་མང་ཚོགས་ཀྱི་ངོས་ནས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད་ཅིང་། རྒྱལ་སྤྱིའི་སྟེང་ནས་ཀྱང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལངས་ཕྱོགས་འདི་ལ་བརྟེན་ནས་རྒྱ་དམར་གཞུང་ལ་འཁོན་འཛིན་དང་། དགྲ་གཉེན་གྱི་ཁ་ཕྱོགས་མ་ནོར་བ་ཞིག་ཏུ་ངོས་འཛིན་བྱེད་ངེས་རེད།
མདོར་ན་འཛིན་སྐྱོང་དང་། གྲོས་ཚོགས། སྤྱི་ཚོགས་གང་ཐད་ནས་དགྲ་གཉེན་ནོར་མི་རུང་བ་དང་། དགྲ་བོ་རྒྱ་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་འཕྲོག་དང་། བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་བཏང་ཞིང་། ཆོས་དང་རིག་གནས་ཀྱི་རྟེན་གཞི་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བཏང་བ། ༧གོང་ས་མཆོག་གིས་དབུས་བོད་མི་འབུམ་གཅིག་ལྷག་བཙན་བྱོལ་དུ་གྱར་དགོས་བྱུང་བ་སོགས་འདས་པའི་ལོ་རྒྱུས་ནང་རྒྱ་དམར་གཞུང་ནི། བོད་དང་བོད་མིའི་ངོས་ནས་དགྲ་ཡི་དྭངས་མར་གྱུར་ཡོད་པ་དང་། ད་ལྟའི་ཆར་ཡང་བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གནས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྒྱལ་སྤྱིའི་སྟེང་ཡོངས་གྲགས་ཆགས་ཡོད་པས། བོད་པའི་ངོས་ནས་མུ་མཐུད་དགྲ་བོའི་འདུ་ཤེས་འཛིན་དགོས་པ་ལས། རྒྱ་མི་རིགས་གྲོགས་པོ་ཡིན་པ་དང་རྒྱ་དམར་གཞུང་གི་དབང་བསྒྱུར་འོག་གནས་སྡོད་བྱ་རྒྱུའི་འདུ་ཤེས་བཟུང་ཞིང་། བོད་པ་ནང་ཁུལ་དུ་ངར་ངར་ཤོར་ཤོར་བྱེད་པ་ནི་དགྲ་གཉེན་གོ་ལྡོག་ཏུ་གྱུར་པ་རེད།།