དགྲ་ལ་དབུ་མ་གཉེན་ལ་ཚེར་མ།

ཆེད་བརྗོད།

ཨོ་རྒྱན་རིན་པོ་ཆེས། “སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔ དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན༔ དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད༔”ཅེས་གསུངས་པ་བཞིན། བོད་མི་མང་པོ་ཞིག་གིས་བོད་ས་བཙན་འཕྲོགས་དང་། བོད་མི་འབུམ་བཅུ་གཉིས་ལྷག་དམར་གསོད་གཏོང་མཁན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་དང་དམའ་འབེབས་ཚད་ལས་བརྒལ་བ་བྱེད་མཁན་གྱི་རྒྱ་དམར་གཞུང་དང་། དེ་ལ་ཡིད་ཆེས་བྱེད་མཁན་གྱི་རྒྱ་མི་རིགས་ལ་དབུ་མའི་ལམ་གྱི་ཐོག་ནས་འབྲེལ་བ་འཛིན་དགོས་པ་མ་ཟད། གྲོས་མོལ་གྱི་ལམ་ནས་ཕན་ཚུན་ཡིད་ཆེས་བྱེད་ཐུབ་པའི་བསམ་ཚུལ་དང་རྣམ་འགྱུར་སྟོན་མཁན་མང་པོ་ཡོད། དོན་དངོས་སུ་འཚེ་མེད་ཞི་བ་ལ་བརྟེན་ནས་ཡོང་བའི་ཆབ་སྲིད་ཀྱི་དབུ་མའི་ལམ་ནི། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་ཚད་མཐོའི་ཉམས་ལེན་ནམ་ལྟ་གྲུབ་ཅིག་ཡིན་པ་དང་། ལྟ་གྲུབ་འདི་ཉམས་ལེན་བྱེད་ཐུབ་སྙམ་མཁན་གྱི་གང་ཟག་ཅིག་ལ་མཚོན་ན་གཉེན་ཉེ་ནང་ཁུལ་ལྟ་ཅི་དགྲ་ལའང་ཁྲོ་བའི་སེམས་མེད་མཁན་ཞིག་ཡིན་དགོས།

བོད་པ་ནང་ཁུལ་དུ་འཁོན་འཛིན་དང་ཁ་གཏད་མཁྲེགས་འཛིན་གྱི་བསམ་བློ་ཁོ་ན་རྒྱུད་འཛིན་བྱེད་བཞིན། ཁྱོད་ཤི་ང་གསོན་གྱི་ལངས་ཕྱོགས་འཛིན་མཁན་ཞིག་གིས། དགྲ་བོ་རྒྱ་དམར་གཞུང་ལ་ཡིད་ཆེས་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་བསམ་བློ་ཡོད་ཚུལ་ནི། དོན་གྱི་ཆ་ནས་དགོས་པ་དང་རྒྱུ་མཚན་གཞན་ཞིག་ཡིན་པ་ལས་དངོས་ཡོད་གནས་ཚུལ་དང་ཁ་ཞེ་གཉིས་མེད་ཀྱི་བསམ་ཚུལ་ཞིག་གཏན་ནས་མ་རེད་སྙམ།  ད་ལྟའི་དུས་འདིར་བཙན་བྱོལ་བོད་མི་ནང་ཁུལ་དུ་འཛིན་པའི་མཁྲེགས་འཛིན་གྱི་བསམ་བློ་དེ་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་པ་དང་། མཐོ་ས་ནས་སྲིད་སྐྱོང་དང་། སྤྱི་འཐུས་སོགས་འཛིན་སྐྱོང་གི་ལས་སྣེ་ལས་ཟུར་མཐོ་གྲས་མང་པོ་ཞིག་ཀྱང་ཕྱོགས་འཛིན་གྱི་བསམ་བློ་ཁོ་ནའི་ནང་ཐིམ་བསྡད་པ་ལས། ནང་ཁུལ་དུ་ཞི་འཇམ་དང་ཡིད་ཆེས་ཀྱི་ཐོག་ནས་མཉམ་གནས་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུའི་བསམ་བློ་གཏོང་མཁན་ནི་ཧ་ཅང་དཀོན་ཚོད་དུ་སྣང་། སྤྱོད་ལམ་གྱི་ཐོག་ནས་བཤད་ཀྱང་དཔུང་དང་ཕོ་ཤེད་བསྡུར་བ་ལས་ཁྲིམས་དང་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་མཁན་མེད་པ་ལྟ་བུར་གྱུར་ཡོད།

ད་ལྟའི་བྱེད་སྟངས་འདི་མུ་མཐུད་སོང་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་ལ་མ་འོངས་པར་རེ་བ་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་པ་དང་། བདམས་ཐོན་སྲིད་སྐྱོང་གིས་ཀྱང་རྩོད་གཞི་ཅན་གྱི་དམ་འབུལ་དེ་གྲུབ་རྗེས། དྷ་ས་བོད་ཁྱིམ་དང་། བདེ་ལེགས་སྨན་ཁང་། སྣེ་ལེན་ཁང་། ཁྲིམས་ཞིབ་ཁང་སོགས་རང་ཉིད་དང་དམིགས་བསལ་འབྲེལ་བ་ཟབ་པའི་མི་སྣ་ཡོད་པའི་སྡེ་ཚན་ཁོ་ནར་སྐོར་སྐྱོད་བྱེད་མགོ་བཙུགས་ཡོད་པ་དང་། སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པས་ཀྱང་དམ་འབུལ་བྱེད་མ་ཐུབ་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་རང་བཞིན་གྱིས་སྒོ་བརྒྱབ་ཟིན་པ་དེ་ག་དུས་སྒོ་ཕྱེ་ཐུབ་མིན་ཡང་བཤད་དཀའ་བ་ཞིག་རེད། ཁྲིམས་ཞིབ་ཁང་ནི་ད་ལྟའི་ཆར་རང་མོས་ངན་ཤེད་ཀྱིས་ཧམ་བཟུང་ལྟ་བུའི་གནས་སྟངས་འོག་ཡོད་པས། དྷ་རམ་ས་ལར་རྟེན་གཞིའི་བྱས་པའི་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ལ་མཚོན་ན་མུན་ནག་གི་དུས་ཚོད་ཅིག་ཏུ་སླེབས་ཡོད་པས། ཁྲིམས་སྒྲིག་གི་གཞི་འཛིན་ས་གང་ཡང་མེད་པའི་གནས་བབས་ཤིག་ཏུ་གྱུར་པ་ནི་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་ཏུ་གྱུར་ཡོད།

འདི་ལྟར་མུ་མཐུད་བསྐྱོད་ན་མང་གཙོའི་ཀ་བ་གསུམ་གྱི་མཚན་མཐོང་དང་གཟི་བརྗིད་གང་ཡང་མེད་པར་འགྱུར་འགྲོ་བ་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ནུས་སྟོབས་ཀྱང་ཡོངས་སུ་ཉམས་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ང་ཚོའི་སྒྲིག་འཛུགས་འདི་ཉིད་༧གོང་ས་མཆོག་གིས་དབུ་ཁྲིད་ནས་མི་ལོ་༦༠ ལྷག་གི་རིང་མི་མང་པོ་ཞིག་གིས་འབད་བརྩོན་ལ་བརྟེན་ནས་ད་ལྟའི་གྲུབ་འབྲས་འདི་བྱུང་བ་ཞིག་ཡིན་ལ། བཙན་བྱོལ་སྒྲིག་འཛུགས་ཤིག་གི་ངོས་ནས་བཤད་ན། རང་གཞན་གཉིས་ཐད་ནས་གཞན་ལས་ལྷག་ཅིག་ཡིན་པའི་སྤོབས་པ་དང་ངོས་འཛིན་བྱེད་འོས་པ་ཞིག་རེད། འོན་ཀྱང་རང་བཙན་ཡོད་པའི་སྲིད་གཞུང་ཞིག་དང་བསྡུར་ཐབས་གཏན་ནས་མེད་པས། ཕན་ཚུན་གུས་བརྩི་དང་གུ་ཡངས་གཏན་ནས་མེད་པ་དང་། ཁྲིམས་མེད་ལུགས་མེད་དུ་གྱུར་པའི་ཉིན་མོ་དེ་ནས་བཟུང་། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཀྱང་རེ་བ་ཏིལ་འབྲུ་ཙམ་ཞིག་མེད་པར་འགྱུར་འགྲོ་བ་དང་། དེ་ལ་བརྟེན་ནས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་བོད་དོན་འཐབ་རྩོད་ཀྱི་ངར་ཤུགས་ཉམས་ནས། རེ་ཐག་ཡོངས་སུ་འཆད་པའི་ཉིན་མོ་ཞིག་འཆར་ངེས་རེད།

མདོར་ན་དབུ་མའི་ལམ་བརྒྱུད་དགྲ་བོ་རྒྱ་དམར་གཞུང་ལ་ཡིད་ཆེས་དང་བློ་གཏད་ཀྱི་ཐོག་ནས་མཉམ་གནས་བྱ་རྒྱུའི་ཆོད་སེམས་ཡོད་མཁན་ཞིག་གི་ངོས་ནས། བོད་པ་ནང་ཁུལ་དུ་འཁོན་འཛིན་དང་ཁྱོད་ཤི་ང་གསོན་གྱི་བསམ་བློ་འདི་ལྟ་བུ་ཞིག་ཡོད་མི་འོས་པ་ལྟ་བུ་ཡིན་ལ། ད་ལྟའི་ཆར་གནད་དོན་འདི་ལྟ་བུར་གྱུར་པའི་ཁ་ཕྱོགས་དང་། དེའི་རྒྱབ་ལྗོངས་གང་ལ་བལྟས་ཀྱང་། ཕྱི་ནང་གསང་གསུམ་ནས་དགྲ་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་མེད་དམ་སྙམ་པའི་དོགས་པ་སྐྱེ་འོས་པ་ཞིག་རེད། སྤྱིར་དོགས་པ་ལ་མཐའ་མེད་པ་དང་། རྩོད་རྙོག་ཅིག་བྱུང་ཟིན་པའི་རྗེས་སུ་ཕྱོགས་སོ་སོ་ནས་རང་ཉིད་ལ་རྒྱུ་མཚན་ཡོད་སྙམ་པའི་བསམ་ཚུལ་འཛིན་པ་དང་། ཕྱོགས་གཞན་པ་དེར་རྒྱུ་མཚན་གཏན་ནས་མེད་པར་ངོས་འཛིན་བྱེད་པ་འདི་རང་བཞིན་ལྟ་བུར་གྱུར་ཡོད། འོན་ཀྱང་ཐུན་མོང་གིས་ཁ་གཏད་གཅོག་ཡུལ་དགྲ་བོ་གཅིག་པ་དང་། ཐུན་མོང་གིས་བརྩི་བཀུར་བྱེད་ཡུལ་མགོན་དཔུང་གཅིག་པ། ཤ་རུས་གདུང་རྒྱུད་གཅིག་ལས་ཆད་པའི་མི་རིགས་གཅིག་པ་ཡིན་པའི་ཆ་ནས་ཐུན་མོང་གི་འབབ་ས་གཏན་ནས་མེད་པ་ཞིག་ཡོང་སྲིད་དམ།།