ཆེད་བརྗོད།
༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གནས་བབས་བསྐྱར་ནན་གྱིས་གསལ་བསྒྲགས་བསྐྱངས་ནས་ལོ་བརྒྱ་དང་བཅུ་ཧྲིལ་པོ་འཁོར་བ་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པས་ལོ་ལྟར་ཕྱི་ཟླ་༢ ཚེས་༡༣ ནི་བོད་ཀྱི་རང་བཙན་ཉིན་མོར་གཏན་ཁེལ་གྱིས་ད་བར་ཉིན་མོ་དེར་ལས་འགུལ་གང་མང་སྤེལ་བཞིན་ཡོད་པ་རེད། བོད་རྒྱལ་ཁབ་ཀྱི་བདག་དབང་དགྲ་ལག་ཏུ་ཤོར་ཞིང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐད་ནས་ཆགས་འཇིག་གཉན་འཕྲང་གི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་དང་། དགྲ་བོ་རྒྱ་དམར་གཞུང་ལ་ངོ་རྒོལ་དང་བོད་རང་བཙན་གྱི་འཐབ་རྩོད་བྱེད་དགོས་པའི་མི་རིགས་ཤིག་ལ་མཚོན་ན་ཉིན་མོ་འདི་ལྟ་བུ་ཞིག་ཡོད་པ་ནི། ཕྱོགས་གང་ནས་བལྟས་ཀྱང་གལ་ཆེན་པོ་དང་། ཕན་ཐོགས་ཡོད་པ་ཞིག་ཏུ་གྱུར་ཡོད། སྤྱིར་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་རང་བཙན་ཉིན་མོ་ནི། རྒྱལ་ཁབ་ཅིག་རྒྱལ་ཁབ་གཞན་ཞིག་གི་བཙན་གནོན་འོག་ནས་རང་བཙན་ཐོབ་པའམ། ཡང་ན་ས་ཁུལ་བྱེ་བྲག་པ་ཞིག་རང་བཙན་ཆགས་པའི་ཉིན་མོ་དེ་རང་བཙན་ཉིན་མོར་སྲུང་བརྩི་ཞུ་སྲོལ་ཡོད་པ་རེད།
༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲགས་སམ། ཡང་ན་ཆུ་གླང་རྩ་ཚིག་སྤེལ་བའི་ཉིན་མོ་ནི་བོད་དེ་རྒྱལ་ཁབ་གཞན་གྱི་བཙན་འཛུལ་འོག་ནས་བསྐྱར་དུ་རང་བཙན་ཐོབ་པ་ཞིག་མ་རེད་ལ། དེ་སྔོན་རྒྱལ་ཁབ་གཞན་གྱི་ཆ་ཤས་ས་ཁུལ་ཞིག་སྐབས་དེར་རང་བཙན་གསར་དུ་ཆགས་པའང་མ་རེད། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབས་ཡིན་པ་དེ་རྒྱལ་སྤྱིའི་ཁྱོན་དུ་བསྐྱར་ནན་གྱིས་གསལ་བསྒྲགས་གནང་དགོས་དོན་ནི། སྐབས་དེར་ཁྱིམ་མཚེས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། རྒྱ་གར་དུའང་དབྱིན་ཇིའི་བཙན་གནོན་ལ་ངོ་རྒོལ་དང་རང་བཙན་རྩོད་ལེན་གྱི་མེ་ལྕེ་མཆེད་བཞིན་ཡོད་པ་དེ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་སོག་པོ་དང་རྒྱ་ནག རྒྱ་གར་བཅས་སུ་ཕེབས་སྐབས་ཡུལ་དེ་དག་གི་གནས་སྟངས་དངོས་སུ་གཟིགས་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་པས་བོད་རྒྱལ་ཁབ་ཀྱི་རང་བཙན་གནས་བབས་དེ་གསལ་བསྒྲགས་གནང་རྒྱུའི་གལ་གནད་གཟིགས་པ་ཞིག་རེད།
ཁ་ཤས་ཀྱིས་ཆུ་གླང་རྩ་ཚིག་ཡིན་པ་ལས་རང་བཙན་གསལ་བསྒྲགས་མ་རེད། རང་བཙན་གསལ་བསྒྲགས་ཞེས་པ་དེ་ཞྭ་སྒབ་པས་བཟོས་པ་ཞིག་རེད་ཅེས་བརྗོད་མཁན་བྱུང་ཡོད་ཀྱང་། དོན་དངོས་སུ་དེ་ལྟར་མ་ཡིན་པར། ༧གོང་ས་མཆོག་གི་རང་རྣམ་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>>གི་ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད། ཅེས་པའི་ནང་། “༡༩༡༠ ལོར་རྒྱ་མི་བོད་དུ་ཡོང་སྐབས་ཡུལ་གཉིས་ཀྱི་གནས་ཚུལ་བཤིགས་རལ་ཆེན་པོར་གྱུར། ༡༩༡༡་༡༩༡༢ ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་འོག་ཏུ་བོད་རང་དབང་རང་བཙན་ཆ་ཚང་ཡིན་པའི་གསལ་བསྒྲགས་བྱས།”ཞེས་གསལ་པོ་འཁོད་ཡོད། མཛད་རྣམ་དེ་ནི་བཙན་བྱོལ་ནང་དེབ་སྔ་ཤོས་སུ་གྲགས་པ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༦༢ ལོར་ཐོག་མ་པར་སྐྲུན་གནང་། ཞྭ་སྒབ་པས་སྲིད་དོན་རྒྱལ་རབས་ཐོག་མ་དབྱིན་ཡིག་ནང་ཕྱི་ལོ་༡༩༦༧ ལོར་པར་སྐྲུན་བྱས་ཤིང་། བོད་ཡིག་ཏུ་བསྒྱུར་ནས་ཕྱི་ལོ་༡༩༧༦ ལོར་པར་སྐྲུན་བྱས་པས། ཚིག་དེ་ཞྭ་སྒབ་པས་རང་བཟོ་བྱས་པ་ཞིག་མིན་པ་གསལ་པོ་ར་སྤྲོད་ཐུབ་པ་ཞིག་རེད།
གང་ལྟར་ད་ལྟའི་ཆར་རང་བཙན་ཉིན་མོར་སྲུང་བརྩི་དང་རྒྱུན་མཐུད་ལས་འགུལ་སྤེལ་བ་ནི་ཆབ་སྲིད་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཧ་ཅང་གལ་ཆེན་པོར་གྱུར་ཡོད། སྤྱིར་འགྲོ་སྟངས་ཀྱི་ཐོག་ནས་བོད་རང་བཙན་བཤད་ན་མཐུན་སྒྲིལ་དང་ལ་རྒྱ་ལ་ཕན་པ་ཞིག་ཡིན་དགོས་པ་ལྟ་བུར་གྱུར་ཡོད་ཀྱང་། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཁྱོན་ཡོངས་མགོ་མཇུག་ལོག་པའི་དུས་ཚོད་ཅིག་ཏུ་ཁེལ་ཡོད་སྟབས། ཉེ་ཆར་བོད་ཀྱི་དགུ་བཅུ་གསུམ་ཟེར་བའི་མིང་ཐོག་ནས། “བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ད་ལྟའི་ཚོགས་མི་དང་སྔར་གྱི་རྒྱུན་ལས་དང་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་སུ་འདྲ་ཞིག་གི་ཕྱིན་ཆད་ཚོགས་པའི་ལངས་ཕྱོགས་དང་ལྟ་བ་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལས་མི་མཐུན་པ་དང་ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་ལས་འགལ་བ་སོགས་ཡང་སྒོས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་ལ་རྒྱ་སོགས་ལ་གནོད་པའི་བྱ་གཞག་རིགས་བརྩམས་པའི་དཔང་རྟགས་དང་ཁུངས་འཁྱེར་(སྐྱེལ་)སོགས་བྱུང་ཚེ་དེ་མ་ཐག་ཏུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མིའི་མཚན་གཞུང་ནས་ཕྱིར་འབུད་བྱ་རྒྱུ་ཡིན་”ཞེས་སྡིགས་ར་ཞིག་བསྐུལ་འདུག
མདོར་ན་ཕྱི་ལོ་༢༠༢༣ ཟླ་༢ ཚེས་༡༠ འཁོད་པའི་གསལ་བསྒྲགས་དེ་སུ་ལ་དམིགས་པ་གསལ་ཁ་མེད་ཀྱང་། དོན་དུ་ཚོགས་པ་དེའི་ཚོགས་མི་ཡིན་པ་ཙམ་གྱིས་དབུ་ལམ་ལས་རང་བཙན་སོགས་ལངས་ཕྱོགས་གཞན་ལབ་མི་ཆོག་པ་དེ། ༧གོང་ས་མཆོག་གི་མཚན་བེད་སྤྱོད་ཀྱིས་བསྒྲགས་འདུག་པ་ནི། མང་གཙོའི་མང་གཙོའི་ལུང་པ་ཞིག་ཏུ་ཚོགས་པའི་མིང་ཐོག་ནས་འདི་ལྟ་བུའི་གསལ་བསྒྲགས་སྤེལ་མི་འོས་པ་མ་ཟད། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པ་གཞི་རྩའི་རང་དབང་དང་ཐོབ་ཐང་རྡོག་རོལ་གཏོང་བ་འདི་ལྟ་བུ་ནི། ༧གོང་ས་མཆོག་གི་དབུ་ཁྲིད་འོག་བཞུགས་སྒར་དྷ་རམ་ས་ལར་ཡོང་མི་འོས་པ་ཞིག་ཡིན་ནའང་། བོད་སྤྱི་མཐུན་གྱི་བསོད་ཟད་མཐར་ཐུག་པའི་སྐབས་འདིར། དགྲ་བོ་ལ་དགྲ་བོ་ལབ་མི་ཆོག་པ་དང་། དགྲ་ལ་ངོ་རྒོལ་བྱེད་མི་ཆོག་ཟེར་བ་དང་། རང་གི་སྲིད་གཞུང་ལ་ངོ་རྒོལ་བྱས་ན་དཔའ་བོ་ཡིན་པའི་ལྟ་ཚུལ་ཁྱབ་སྤེལ་བྱེད་བཞིན་ཡོད་པས། ནམ་ཞིག་སྤྱི་ཚོགས་ནང་བོད་རང་བཙན་ལབ་ན་སྤྱི་ཚོགས་ནས་འཕུད་རྒྱུའི་གསལ་བསྒྲགས་ཀྱང་ང་ཚོས་མིག་ལམ་དུ་མངོན་རྒྱུའི་ཉེན་ཁ་འདུག།།