དད་ལྡན་བ་ས་ཡ་༤༥ ཙམ་འཛོམས་པའི་ཧིན་དཱུའི་ཆོས་ལུཌ་ཀྱི་དུས་ཆེན་འགོ་བཙུགས་འདུག

ཀུམ་བྷ་མེ་ལ་(Kumbh Mela)ཟེར་བའི་དུས་ཆེན་དེ་ནི་ཧིན་དུའི་ཆོས་ལུགས་ཀྱི་དུས་ཆེན་ཆེན་པོ་ཞིག་ཡིན་འདུག་ཅིང་། དུས་ཆེན་དེ་ནི་ལོ་༡༢ མཚམས་སུ་ཐེངས་རེ་འཚོགས་སྲོལ་ཡོད་འདུག་ལ། དེ་རིང་ནས་ཆུ་མོ་གང་གཱའི་ཆུ་བརྒྱུད་དུ་ཡོད་པའི་རྒྱ་གར་གྱི་མངའ་སྡེ་གསུམ་གྱི་གྲོང་ཁྱེར་བཞིའི་ནང་འཚོགས་བཞིན་ཡོད་འདུག 

ཕྱི་ཚེས་༡༣ ཉིན་རྒྱལ་སྤྱི་དང་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་གོང་གསལ་མེ་ལ་དེ་རྒྱ་གར་གྱི་ཆུ་མོ་གངྒའི་ཆུ་བརྒྱུད་དུ་ཡོད་པའི་མངའ་སྡེ་བཞིའི་ནང་འཚོགས་ཀྱི་ཡོད་འདུག་པ་དང་།  མངའ་སྡེ་བཞི་ནི་ཨུ་ཏར་པར་དྷེ་ཤེ་(Uttar Pradesh)་དང་།  ཨུ་ཏར་ཁན(Uttarakhand) མ་དྷེ་ཡ་པར་དྷེ་ཤེ(Madhya pradesh)མ་ཧ་ར་ཤེ་ཏེ་ར(Maharashtra)བཅས་ཡིན་འདུག འདི་ལོའི་དུས་ཆེན་དེའི་ཆེད་དུ་རྒྱ་གར་གཞུང་གིས་ལོ་གསུམ་གྱི་སྔོན་ནས་གྲ་སྒྲིག་བྱས་ཡོད་འདུག་ཅིང་། མེ་འཁོར་དང་སྡོད་གནས་སོགས་ཀྱི་འཛུགས་སྐྲུན་ལས་གཞིའི་ཆེད་དུ་རྒྱ་གར་གྱི་སྒོར་མོ་ཀ་རོ་༥༠༠༠ འགྲོ་གྲོན་བཏང་ཡོད་འདུག ཁ་སང་གཟའ་ཉི་མའི་ཉིན་ནས་འགོ་བཙུགས་ཏེ་མངའ་སྡེ་དེ་དག་གི་ནང་དུ་དུས་ཆེན་འཚོགས་ཡུལ་དུ་ཆུ་ཚོད་༢༤ དང་གཟའ་འཁོར་བདུན་ཆ་ཚང་གི་རིང་། མེ་འཁོར་གྱིས་འགྲུལ་བ་རྣམས་སྐྱེལ་འདྲེན་བྱེད་ཀྱི་ཡོད་འདུག་ཅིང་། མེ་འཁོར་འབབ་ཚུགས་ཆ་ཚང་ནང་ཉེན་རྟོག་པ་དང་གསང་བའི་གློག་མིག་སྟོང་ཕྲག་མང་པོ་བཙུགས་ནས་མི་མང་གི་བདེ་འཇགས་ཐད་སྲུང་སྐྱོབ་བྱེད་རྒྱུ་ཡིན་འདུག

ཐེངས་འདིའི་དུས་ཆེན་དེའི་ཆེད་དུ་རྒྱ་གར་རྒྱལ་ཡོངས་ནས་དད་ལྡན་བ་ས་ཡ་༤༥ ཙམ་ཡོང་གི་ཡོད་འདུག་ལ། ས་གནས་སོ་སོའི་གཞུང་གི་ངོས་ནས་ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་བ་ཚོས་སྡོད་གནས་དང་གཞན་ཐོན་སྐྱེད་མང་པོ་གོ་སྒྲིག་ཞུ་བཞིན་ཡོད་འདུག དེ་རིང་ནས་བཟུང་འབྱུང་འགྱུར་བདུན་ཕྲག་༦ རིང་དུས་ཆེན་དེ་སྲུང་བརྩི་ཞུ་རྒྱུ་རེད་འདུག་པ་དང་། དུས་ཆེན་དེ་གཙོ་བོ་ཆུ་མོ་གང་གཱ་དང་ཡ་མུ་ན་གཉིས་ཀྱི་འགྲམ་བརྒྱུད་དུ་འཚོགས་ཀྱི་ཡོད་འདུག ཧིན་དཱུའི་ཆོས་ལུགས་ཀྱི་ཁྲོད་ཆུ་བོ་དེ་དག་གི་ནང་གཟུགས་པོ་བཀྲུས་ན་སྡིག་པ་དག་གི་ཡོད་ཚུལ་སོགས་ཤོད་ཀྱི་ཡོད་འདུག་ལ། དེ་རིང་གཟའ་ཟླ་བའི་ཉིན་དད་ལྡན་བ་ས་ཡ་ལྔ་ནས་བརྒྱད་བར་གྱིས་ཆུ་བོ་དེ་དག་གི་ནང་དུ་གཟུགས་པོ་འཁྲུད་ཀྱི་ཡོད་པར་བརྗོད་འདུག ཁ་སང་གཟའ་ཉི་མའི་ཉིན་དད་ལྡན་བ་ས་ཡ་མང་པོ་ས་ཁུལ་དེ་དག་གི་ནང་དུ་འབྱོར་ཟིན་ཡོད་འདུག་ཅིང་། ས་གནས་དེ་དག་གི་གློག་དང་ཆུ། གསང་སྤྱོད་སོགས་ཀྱི་ཐོན་སྐྱེད་མི་འདང་བའི་དཀར་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག དེ་བཞིན་མི་མང་གི་བདེ་འཇགས་ཆེད་དུ་ཉེན་རྟོག་པ་ཁྲི་བཞི་ཙམ་འགྲེམས་འཇོག་བྱས་ཡོད་པར་བརྗོད་འདུག སྤྱིར་བཏང་ཚེས་༡༣ ཉིན་འགོ་འཛུགས་བྱེད་ཀྱི་ཡོད་ཀྱང་། ཚེས་༡༣ དང་༡༤། ཚེས་༢༩། ཕྱི་ཟླ་༢ ཚེས་༣ ། ཚེས་༡༢ ། ཚེས་༢༦ བཅས་ཀྱི་ཚེས་གྲངས་དེ་དག་ནི་དུས་ཚོད་བཟང་པོ་བརྩི་གི་ཡོད་འདུག་པས། ཚེས་གྲངས་དེ་དག་ལ་མི་ས་ཡ་༥༠ ནས་༦༠ ཙམ་གྱིས་ཆུ་བོ་གང་གཱ་དང་ཡ་མུ་ནའི་ནང་གཟུགས་པོ་འཁྲུད་རྒྱུ་ཡིན་འདུག རྒྱ་གར་དབུས་གཞུང་ནས་ཧིན་སྒོར་ཐེར་འབུམ་༧༠ བཏང་ནས་དུས་ཆེན་དེ་གྲ་སྒྲིག་བྱས་ཡོད་པར་བརྗོད་འདུག མངའ་སྡེ་སོ་སོའི་ནང་ཚུར་ཡོང་འབབ་ཧིན་སྒོར་ཐེར་འབུམ་༢༥༠ ཙམ་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག 

ཧིན་དཱུའི་ཆོས་ལུགས་དུས་ཆེན་དེ་ཕྱི་ཟླ་ ༢ པའི་ཚེས་ ༢༦ ཉིན་མཇུག་བསྒྲིལ་རྒྱུ་ཡིན་འདུག་པ་དང་། དུས་ཆེན་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་(Unesco)ཡུ་ནེ་སི་ཁོས་འཇིག་རྟེན་གྱི་དངོས་མེད་རིག་གནས་ཤུལ་བཞག་ཤིག་ཏུ་ངོས་འཛིན་བྱས་ཡོད་འདུག དུས་ཆེན་འདིའི་འབྱུང་ཁུངས་ནི་ལྷ་དང་བདུད་གཉིས་ཀྱིས་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་བདུད་རྩིའི་བུམ་པའི་ཆེད་དུ་འཐབ་པའི་ལྷ་སྒྲུང་གི་གཏམ་རྒྱུད་ཅིག་ལ་རྩ་བ་བཟུང་ཡོད་འདུག་ཅིང་། ཕྱོགས་གཉིས་ཀས་འཆི་མེད་ཀྱི་དངོས་གྲུབ་སྦྱིན་པའི་བདུད་རྩིའི་བུམ་པའི་ཆེད་དུ་འཐབ་པའི་སྐབས་སུ། བདུད་རྩིའི་ཐིགས་པ་འགའ་ཤས་གྲོང་ཁྱེར་བཞི་སྟེ། པྲ་ཡག་རཱཇ་(Prayagraj) ཧ་རི་དྭར(Haridwar) ཨུཇ་ཇེན་(Ujjain) དང་(Nasikན)་སིག་བཅས་སུ་ལྷུང་བ་རེད་ཅེས་བཤད་སྲོལ་ཡོད་འདུག འཐབ་འཛིང་དེ་ལྷའི་ལོ་ངོ་བཅུ་གཉིས་རིང་བྱུང་བ་དང་། དེ་ནི་འཛམ་གླིང་གི་ལོ་བཅུ་གཉིས་དང་མཉམ་པ་ཡིན་པས། ཀུམ་བྷ་མེ་ལའི་དུས་ཆེན་འདི་གྲོང་ཁྱེར་བཞི་པོ་རེ་རེར་ལོ་བཅུ་གཉིས་རེའི་མཚམས་སུ་སྲུང་བརྩི་བྱེད་ཀྱི་ཡོད་འདུག་པ་དང་། དུས་ཆེན་གཉིས་ཀྱི་བར་དུ་ཕྱེད་ཀ་སྟེ་ཨརདྷ་ཀུམ་བྷ་ཞེས་པའི་དུས་ཆེན་ཞིག་ཀྱང་སྲུང་བརྩི་བྱེད་སྲོལ་ཡོད་འདུག ཕྱི་ལོ་༢༠༡༣ ཟླ་༡ ཚེས༦ ཉིན་༧གོང་ས་མཆོག་ཀུམ་བྷ་མེ་ལའི་དུས་ཆེན་དབུ་འབྱེད་མཛད་སྒོའི་སྐབས་སུ་གདན་འདྲེན་ཞུ་མྱོང་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།