དཔའ་བོ་ཞེས་པའི་བོད་ཀྱི་གློག་བརྙན་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྩེ་ཕུད་ནང་སླེབས་འདུག
བོད་པའི་གློག་བརྙན་དཔའ་བོ་ཞེས་པ་དེ་ཨ་རིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Palm Beach Film Festival) ནང་། གློག་བརྙན་རྩེ་ཕུད་ཀྱི་འོས་མིང་ནང་འདེམས་ཐོན་བྱུང་འདུག
འདི་ལོའི་ཕྱི་ཟླ་༤ པའི་ཚེས་༦ ནས་༡༤ བར་ཨ་རིར་འཚོགས་རྒྱུ་ཡིན་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས། འཛམ་གླིང་ས་ཕྱོགས་གང་ས་ནས་བཟོས་པའི་གློག་བརྙན་རྩེ་ཕུད་རིགས་སྟོན་གྱི་ཡོད་པ་དང། སྡེ་ཚན་འདྲ་མིན་ནང་རྩེ་ཕུད་ཀྱི་གཟེངས་རྟགས་སྤྲོད་ཀྱི་ཡོད་པ་རེད།
དཔའ་བོ་ཞེས་པའི་གློག་བརྙན་དེ་བོད་ཀྱི་རྒྱལ་གཅེས་དཔའ་བོ་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཞི་རྩར་བཞག་ནས་བཟོས་ཡོད་པ་དང། འཁྲབ་ཁྲིད་པ་གཙོ་བོ་མཱར་ཝེན་(Marvin Litwak)དང་གཞོན་པ་བསོད་ནམས་ཚེ་བརྟན་ཡིན་པ་དང། འཁྲབ་སྟོན་མི་སྣ་གཙོ་བོ་དེ་བོད་རིགས་གཞོན་སྐྱེས་འཁྲབ་སྟོན་པ་ཤཱ་བོ་རྡེ་རྗེ་ཡིན་པ་རེད།
གློག་བརྙན་དེའི་འཁྲབ་ཁྲིད་པ་གཙོ་བོ་མཱར་ཝེན་གྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐོར་ཇར་མན་གྱི་དུས་དེབ་ཅིག་ནང་བཀླགས་རྗེས། སེམས་འགུལ་ཆེན་པོ་ཐེབས་པ་དང་ཁོང་རྒྱ་གར་ལྡི་ལིར་སླེབས་ཏེ། འཇམ་དཔལ་ཡེ་ཤེས་ཀྱི་གྲགས་པོ་དང་ངོ་ཤེས་པ་རྣམས་ལ་ཐུག་ནས་ཁོང་གི་ལོ་རྒྱུས་རྣམས་རིམ་བཞིན་ཤེས་རྗེས། གློག་བརྙན་དེ་བཟོས་ཡོད་འདུག
གློག་བརྙན་དེ་རྒྱ་གར་དྷ་ས་དང་ལྡི་ལི་བོད་ཀྱི་གཞིས་ཆགས་བསམ་ཡས་གླིང་ལ་དགས་སོགས་ལ་འཁྲབ་ཡོད་པ་རེད།
༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སུ་ཡོང་བ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རུ་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་གོ་སྒྲིག་བྱས་པ་དང་། སྐབས་དེར་ཕྱི་ཟླ་༣ ཚེས་༢༦ ལྡི་ལིར་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་ནའང་། ཚེས་༢༨ སྔ་དྲོ་སྐུ་གྲོངས་ཡོད་པ་རེད།།གསར་འགོད་པ་སྐལ་བཟང་དོན་གྲུབ།