དཔལ་ནོར་ཚོང་ལས་ཁང་གི་ཚོང་འབྲེལ་དྲ་རྒྱ་དབུ་འབྱེད།
ཤེས་ཡོན་ཅན་གྱི་ཁྲོད་དུ་རིག་གནས་ཀྱི་བྱ་བ་ལས་གཞན་པའི་ཚོང་ལས་ལྟ་བུའི་ཐོག་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་ཡོད་རྒྱུ་གལ་གནད་ཆགས་ཡོད་སྐོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་གྱིས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་སྔ་དྲོར་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། དཔལ་ནོར་ཚོང་ལས་ཁང་གི་དྲ་ཐོག་ཚོང་ལས་གཉེར་སའི་དྲ་རྒྱ་གསར་པ་ཞིག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་གྱིས་དབུ་འབྱེད་གནང་སོང་ཞིང་། སྐབས་དེར་དྷ་སའི་ཚོགས་སྡེ་ཁག་ཅིག་གི་སྐུ་ཚབ་དང་དོ་སྣང་ཅན་ཁག་ཅིག་འཛོམས་འདུག
མཛད་སྒོའི་ཐོག་དཔལ་ནོར་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ནོར་བུས་ཚོང་ལས་ཁང་གི་དགོས་པ་དང་རྒྱུ་མཚན་གྱི་སྐོར་ལ་གསུང་དོན་དུ་“བོད་པའི་སྤྱི་ཚོགས་ནང་ལ་དྲ་ཐོག་ཚོང་ལས་ཀྱི་ས་མིག་སྟོང་པ་ཆེན་པོ་ཞིག་ལྷག་ཡོད་རེད། ས་མིག་དེའི་ནང་ལ་ང་ཚོ་དཔལ་ནོར་ཚོང་ལས་ཁང་བྱིས་པ་ཆུང་ཆུང་ནང་བཞིན་འགྲེང་གིན་འགྲེང་གིན་བརྡབ་ཀྱིན་བརྡབ་ཀྱིན་ཡར་ལངས་ཡོང་གི་ཡོད་རེད། འོ་ན། དཔལ་ནོར་ཞེས་པ་དེ་ག་རེ་ཟེར་ན་དྲ་ཐོག་ཚོང་ར་ཞིག་རེད། དྲ་ཐོག་ཚོང་ར་འདིའི་ཐོག་ནས་ཚོང་པ་སུ་ཞིག་ཡིན་ན། ས་ཕྱོགས་གང་ནས་ཡིན་ན། དུས་ག་དུས་ཡིན་ན་སོ་སོའི་ཅ་ལག་འཚོང་ཐུབ་ཀྱི་ཡོད་རེད་ལ། མཛད་སྤྱོད་པ་རྣམས་གང་དུ་ཡོད་ན་ཡང་དེ་ནས་ཉོ་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད་རེད། དེ་བཞིན་དཔལ་ནོར་བཟོ་ལས་ཁང་ནས་དེང་རབས་ཀྱི་ཉམས་ལྡན་པའི་ཐོག བོད་ཀྱི་སྲོལ་རྒྱུན་གྱི་བྲོ་བ་ཡོད་པའི་ཐོན་རྫས་བཏོན་གྱི་ཡོད་རེད། ཁྱེད་རྣམས་གཟིགས་ཡོད་ཀྱི་རེད།”ཅེས་དང་། དེ་བཞིན་ཁོང་གིས་མུ་མཐུད་དུ་དཔལ་ནོར་ཚོང་ལས་ཁང་གི་དམིགས་ཡུལ་གྱི་སྐོར་ལ་གསུང་དོན་དུ་“ང་ཚོས་དཔལ་ནོར་ཚོང་ལས་ཁང་བཙུགས་དུས་དམིགས་ཡུལ་དཔེ་ཆེན་པོ་བཟུང་ཡོད། དམིགས་ཡུལ་དེ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་དེ་རེད། དེ་ལབ་དུས་ག་རེ་རེད་ཟེར་ན། ད་ལྟའི་ཆར་དཔལ་ནོར་བཟོ་ལས་ཁང་བཙུགས་ནས་བོད་པ་ཁ་ཤས་ལ་ལས་ཀ་སྤྲད་ཐུབ་ཡོད་རེད། མ་འོངས་པར་ཡར་རྒྱས་འགྲོ་གིན་འགྲོ་གིན་གཞི་རྒྱ་ཆེ་རུ་བཏང་ནས་མང་པོ་ཞིག་ལ་ལས་ཀ་སྤྲོད་རྒྱུ་སོགས་མཐུན་རྐྱེན་མང་པོ་སྦྱར་ཐུབ་ཀྱི་རེད། དེ་ཙམ་དུ་མ་ཟད་དཔལ་ནོར་དྲ་ཐོག་ཚོང་ལས་སྟེང་དུ་ཚོང་པ་སོ་སོའི་ཅ་དངོས་བཙོང་ན་སོ་སོའི་ཚོང་ཡར་རྒྱས་འགྲོ་ཁར་བོད་པའི་ཚོང་རྫས་དེ་འཛམ་གླིང་རྒྱལ་སྤྱིའི་ཁྲོམ་རའི་སྟེང་དུ་ཁྱབ་ཐུབ་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་”ཅེས་གསུངས་སོང་བ་མ་ཟད། ཚོང་ལས་ཁང་གི་ལོ་གཅིག་གི་ཁེ་བཟང་ནས་བརྒྱ་ཆ་༥ བོད་པའི་སློབ་མའི་སློབ་ཡོན་གྱི་ཆེད་དུ་གཏོང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་དཔལ་ནོར་ཚོང་ལས་ཁང་གི་ཚོགས་མི་རྣམས་དཔལ་འབྱོར་གྱི་རྒྱབ་ལྗོངས་ཆེན་པོ་ཡོད་མཁན་དེ་འདྲ་གཅིག་ཀྱང་མེད་རུང་། ཕན་ཚུན་ལ་མཉམ་རུབ་ཀྱི་ནུས་པ་ཞིག་ཡོད་པ་དེ་ནི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་མཐོང་གི་ཡོད་སྐོར་སོགས་གསུངས་སོང་།
དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བདེ་ཆེན་རྣམ་རྒྱལ་གྱིས་དཔལ་ནོར་ཚོང་ལས་ཁང་གི་ཚོགས་མི་ཚང་མར་འཚམས་འདྲིའི་ཁ་བཏགས་བསྒྲོན་ནས། ང་ཚོའི་སྤྱི་ཚོགས་ནང་དཔལ་ནོར་ཚོང་ལས་ཁང་དང་འདྲ་བ་ཡོང་དགོས་རྒྱུ་དེ་གནད་འགག་ཆེན་པོ་ཡིན་སྐོར་དང་། ཚོགས་མི་རྣམས་ཀྱིས་ཕྱི་ལོ་༢༠༡༦ ནས་འགོ་འཛུགས་ཀྱིས་སྙུག་བསྲིངས་བྱས་ཏེ་ད་བར་དུ་འབད་བརྩོན་བྱས་པ་བརྒྱུད་དངོས་སུ་དཔལ་ནོར་ཚོང་ལས་ཁང་གི་དྲ་ཐོག་ཚོང་ར་སྒོ་འབྱེད་བྱེད་ཐུབ་པ་བྱུང་བར་ལེགས་གསོའི་བསྔགས་བརྗོད། དཔལ་ནོར་ཚོང་ལས་ཁང་གིས་གཉེར་བཞིན་པའི་བྱ་བ་འདི་ནི་བོད་མི་རྣམས་རུག་རུག་བྱས་ནས་གནས་པར་འཕྱ་གྲུ་མཉམ་འདེགས་ཀྱི་ལས་ཀ་ཞིག་ཡིན་སྐོར། ཚོང་ལས་ཁང་གིས་འཆམ་མཐུན་ཐོག་ཆོལ་གསུམ་བོད་མི་རྣམས་ལ་ལས་ཀ་སྤྲོད་གལ་ཆེ་སྐོར། ཤེས་ཡོན་ཅན་གྱི་ཁྲོད་དུ་རིག་གནས་ཀྱི་བྱ་བ་ལས་གཞན་པའི་ཚོང་ལས་ལྟ་བུའི་ཐོག་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་ཡོད་རྒྱུ་གལ་གནད་ཆགས་ཡོད་སྐོར་སོགས་གསུངས་སོང་།
མཇུག་ཏུ་དཔལ་ནོར་ཚོང་ལས་ཁང་གི་འགན་འཛིན་བཀྲ་ཤིས་དཔལ་ལྡན་གྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སོང་ཞིང་། སྐབས་དེར་ཁོང་གིས་དཔལ་འབྱོར་གྱི་ཐོག་ནས་མ་འཛུགས་གནང་མཁན་དང་། གཞོགས་འདེགས་བྱེད་མཁན། དེ་བཞིན་ནམ་རྒྱུན་དུ་སེམས་ཤུགས་སྤར་མཁན་དང་། སེམས་ཁམས་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་མཁན་སོགས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་སོང་མ་ཟད། མ་འོངས་པར་དཔལ་འབྱོར་དང་ཐབས་ཇུས། ལག་རྩལ། བཟོ་བཀོད་སོགས་ཀྱི་ཐོག་ལ་འཇོན་ནུས་ཡོད་མཁན་སུ་འདྲ་ཞིག་གིས་མ་འཛུགས་བྱས་ན་དགའ་བསུ་ཡོད་སྐོར་ཡང་གསུངས་སོང་། དེ་བཞིན་མཛད་སྒོའི་ཐོག་དཔལ་ནོར་ཚོང་ལས་ཁང་གི་ཐབས་ཇུས་འགན་འཛིན་ཡར་རྒྱས་ཀྱིས་འགོ་ཁྲིད་ནས་དཔལ་ནོར་ཚོང་ལས་ཁང་གི་གཞུང་འབྲེལ་དྲ་རྒྱ་(Instagram) ཐོག་གི་རྗེས་འབྲང་པ་ཡོངས་ཀྱི་ཁྲོད་ནས་རྗེས་འབྲང་པ་༡༥ རྒྱན་སྒྱུར་གྱིས་འདེམས་སྒྲུག་བྱས་སོང་ཞིང་། རྒྱན་ཐོབ་མཁན་རྣམས་ལ་དཔལ་ནོར་རྟགས་ཅན་གྱི་འོག་འཇུག་རེ་རྔན་པ་སྤྲོད་རྒྱུ་ཡིན་སྐོར་གསུང་སོང་།
དཔལ་ནོར་ཚོང་ལས་ཁང་ནི་ཕྱི་ལོ་༢༠༡༦ ལོ་ནས་འགོ་འཛུགས་བྱས་ཤིང་། ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༠༡ པོའི་ཚེས་༢༥ ཉིན་དངོས་སུ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་ཡོད་ཚོགས་པ་ཞིག་ཡིན་པ་དང་། ད་ལྟ་ཚོང་ལས་ཁང་རང་གི་བཟོ་གྲྭ་ནས་དཔལ་ནོར་རྟགས་ཅན་གྱི་གྱོན་གོས་གནའ་དེང་ཟུང་འབྲེལ་གྱི་ཉམས་ལྡན་པ་བཏོན་དང་བཏོན་མུས་རེད་འདུག ཚོང་ལས་ཁང་འདིར་ད་ལྟའི་ཆར་ཚོགས་མི་༦ ཡོད་པའི་ཁོངས་ནས། སྤྱི་ཁྱབ་འགན་འཛིན་ཚེ་རིང་ནོར་བུ་དང་། འགན་འཛིན་བཀྲ་ཤིས་དཔལ་ལྡན། བཟོ་ལས་འགན་འཛིན་རྡོ་རྗེ་བཀྲ་ཤིས། ཁྱབ་བསྒྲགས་འགན་འཛིན་སྐལ་བཟང་། དཔལ་འབྱོར་འགན་འཛིན་བསོད་ནམས་གཡུ་མཚོ། ཐབས་ཇུས་འགན་འཛིན་ཡར་རྒྱས་བཅས་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།