དཔལ་འབྱོར་བཀའ་བློན་གྱི་གསུང་བཤད། ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་གྱི་བརྒྱ་ཆ།

འདི་ལོའི་སྔོན་རྩིས་འཆར་འབུལ་ནང་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་བརྒྱ་ཆ་༢༡་༥༣ དང་། འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་བརྒྱ་ཆ་༡༢་༠༥ ། དེ་བཞིན་སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་༦༦་༤༢ ཡིན་འདུག་པས། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པས་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་གྱི་བརྒྱ་ཆ་དམའ་དྲགས་པའི་དགོངས་ཚུལ་བཏོན་སོང་།
ཕྱི་ཟླ་༣ པའི་ཚེས་༡༧ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་གནང་བ་བཞིན། དཔལ་ལྡན་ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད། ཚོགས་གཙོའི་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག གཞུང་འབྲེལ་རྗེས་དྲན་དང་། མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་སོགས་གྲུབ་རྗེས། དེ་རིང་གི་ལས་རིམ་ལྔ་པ་དཔལ་འབྱོར་བཀའ་བློན་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༥་་་༢༦ ལོའི་སྔོན་རྩིས་ཀྱི་གསུང་བཤད་གནང་ཡོད་པ་དང་། གསུང་བཤད་ནང་དུ་སྤྱིར་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་སྔོན་རྩིས་བཟོ་སྟངས་དང་། ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབར་ཁྱད་པར་ཆེན་པོ་ཡོད་པ་དང་། རང་བཙན་རྒྱལ་ཁབ་ཚོས་གཙོ་བོ་ཡོང་འབབ་ལ་བརྟེན་པའི་འགྲོ་གྲོན་རྣམས་གཞུང་སོ་སོའི་སྲིད་ཇུས་ལངས་ཕྱོགས་དང་སྦྲེལ་ནས་ལས་གཞིའི་གལ་གནད་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ང་ཚོའི་སྒྲིག་འཛུགས་འདིར་ལོ་འཁོར་སྔོན་རྩིས་ཀྱི་བརྒྱ་ཆའི་དགུ་བཅུ་ལྷག་རོགས་དངུལ་ལ་བརྟེན་ཡོད་པ་དེ་ནས་ལས་འཆར་སྒྲིག་གི་ཡོད་པར་གསུངས་སོང་། དེ་བཞིན་སྔོན་རྩིས་ནང་དུ། བཀའ་ཤག་སྐབས་༡༦ པའི་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆར་བཀོད་པ་བཞིན། བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་ཆེད།
སྒྲིག་འཛུགས་སྲ་བརྟན་ཕུགས་འཕེར་ཡོང་ཐབས་ཀྱི་ལས་གཞི་མང་དག་ཅིག་མཇུག་སྐྱོང་དགོས་པའི་ཁོངས་སུ། བོད་མིའི་སྒྲིག་འཛུགས་ཀྱི་མི་དང་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་གཏོང་ཕྱོགས་ཀྱི་ལས་གཞི། སྒྲིག་འཛུགས་ཀྱི་ལས་དོན་རྣམས་ཕྱི་གསལ་ནང་གསལ་བཟོ་ཐབས། དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཁག་ཡུལ་ཁྲིམས་དང་མཐུན་པར་སྲུང་སྐྱོབ། ས་ཆའི་བདག་ཐོབ་སྲུང་སྐྱོབ། གཞིས་སྤོ་ལས་གཞི། རྒན་གསོ་ཁང་། གཞིས་ཆགས་ཚགས་ཚུད་ཡོང་ཐབས་ཀྱི་འཚོ་རྟེན་ལས་གཞི་ཉམས་ཞིབ། གཞན་ཡང་ཆོས་རིག ནང་སྲིད། ཤེས་རིག འཕྲོད་བསྟེན་བཅས་ཀྱི་ཁོངས་སུ་འཛུགས་སྐྲུན་ལས་གཞི་ཁག བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན། ཚོགས་དྲུང་ལས་ཁུངས། བཀའ་དྲུང་ཡིག་ཚང་། བདེ་སྲུང་། ཕྱི་དྲིལ་བཅས་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་གཞི་ཁག་དང་། ཕྱི་ལོ་༢༠༢༦ ལོའི་འོས་བསྡུ་ཆེན་མོའི་འགྲོ་གྲོན་བཅས་ཀྱི་ཆེད་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཕྱོགས་བསྡོམས་མ་དངུལ་གྱི་བརྒྱ་ཆ་༩༡ ཙམ་རྒྱ་གར་དང་ཨ་རིའི་གཞུང་གཙོས་པའི་གཞུང་དང་ཚོགས་སྒེར་མང་དག་གཅིག་གི་རོགས་སྐྱོར་ལ་བརྟེན་ཡོད་པས། རོགས་དངུལ་རྣམས་ལ་རྣམ་ཀུན་བར་ཆད་ཡོང་མི་སྲིད་པ་མིན་པས་རང་ཁ་རང་གསོའི་ཁ་ཕྱོགས་སུ་འགྲོ་ཐུབ་པ་བྱ་རྒྱུ་ནི་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་མིན་གྱི་འགག་རྩ་ཡིན་པར་གསུངས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༥་་༢༦ ལོའི་རྒྱུན་གྲོན་དང་། དམིགས་བསལ། དམིགས་བཀར་ལས་འཆར་བཅས་པར་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ་སྒོར་ས་ཡ་༣༦༧༥་༣༠ འཆར་འབུལ་ཞུས་ཡོད་འདུག་པ་དང་། དེ་ནི་རྩིས་ལོ་༢༠༢༤ ་་༢༥ ལོའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་༣༣༣༡་༠༢ ཡིན་པ་ལས་སྒོར་ས་ཡ་༣༤༤་༢༨ དང་། བརྒྱ་ཆ་༡༠་༣༣་མང་བ་ཡོད་འདུག འོན་ཀྱང་དེ་དག་ལས་ཨ་རིའི་རོགས་དངུལ་དང་འབྲེལ་ལྷན་ཁང་སོ་སོའི་ནང་གཅོག་ཆ་དང་གྲོས་ཚོགས་ནས་བཀའ་འཁྲོལ་ཇི་ཙམ་འཐོབ་མིན་བཅས་ནི་གཞི་ནས་ཡིན་པ་རེད།
སྤྱིར་འདི་ལོའི་སྔོན་རྩིས་འཆར་འབུལ་ནང་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་བརྒྱ་ཆ་༢༡་༥༣ །འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་བརྒྱ་ཆ་༡༢་༠༥ ། སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་༦༦་༤༢ ཡིན་འདུག་པས། སྤྱི་འཐུས་ཁག་ཅིག་ནས་ཨ་རིའི་རོགས་སྐྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་འཛུགས་སྐྲུན་གྱི་ལས་གཞིའི་རིགས་རྒྱ་ཆུང་དུ་གཏོང་དགོས་པ་དང་། སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་འགྲོ་གྲོན་གྱི་བརྒྱ་ཆ་མཐོ་དྲགས་ཤིང་། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པས་ཆབ་སྲིད་ཀྱི་འགྲོ་གྲོན་དམའ་དྲགས་པ། དེ་བཞིན་ཨ་རིའི་རོགས་དངུལ་ཆད་པ་དེའི་སྐོར་ཁ་གསལ་དགོས་པ་སོགས་ཀྱི་དགོངས་ཚུལ་བཏོན་སོང་། བཀའ་ཤག་གི་གསུང་བཤད་ལས་སྔོན་རྩིས་དང་འབྲེལ་བའི་ཡིག་ཆ་ཉེ་ཆར་ཨ་རིའི་རོགས་ཚོགས་ཀྱི་འགྱུར་བ་མ་བྱུང་བའི་སྔོན་དུ་བཟོས་པ་དེ་རང་བསྐྱར་བཅོས་མ་བྱས་ནས་ཚོགས་ཆུང་ལ་ཕུལ་བ་ཞིག་ཡིན་འདུག་པས། དེ་རིང་གསར་དུ་བསྐྱར་བཅོས་བྱས་པའི་ཡིག་ཆ་དག་ལྟ་ཀློག་གི་ཆེད་ཉིན་གུང་ཆུ་ཚོད་གསུམ་པ་ནས་སང་ཉིན་བར་ཚོགས་གསེང་དུ་བཞག་སོང་བས། ལས་ཉིན་དང་པོར་དཔལ་འབྱོར་བཀའ་བློན་གྱི་ལན་འདེབས་དང་བགྲོ་གླེང་བཅས་ཀྱི་དུས་ཚོད་བྱུང་མེད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།