དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་དང་སྲིད་སྐྱོང་བཅས་ཉི་འོང་དུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མཉམ་ཞུགས་གནང་འདུག 

དེ་རིང་ཉི་འོང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༩པ་དེ་ཚོགས་ཡོད་འདུག་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་དང་སྲིད་སྐྱོང་བཅས་གོང་གསལ་ཚོགས་ཆེན་དང་བསྟུན་གཞུང་འབྲེལ་ལས་དོན་ཁག་ཅིག་གི་ཆེད་དུ་ཉི་འོང་དུ་ཕེབས་འབྱོར་བྱུང་ཡོད་འདུག་ལ། སྐབས་དེར་ཉི་འོང་སྐུ་ཚབ་དོན་གཅོད་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་ས་གནས་བོད་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་འདུག

ཕྱི་ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། དེ་རིང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་ཉི་འོང་གི་རྒྱལ་སའི་གནམ་ཐང་དུ་ཕེབས་འབྱོར་བྱུང་ཡོད་འདུག་པ་དང་། དཔལ་ལྡན་སྲིད་སྐྱོང་ཁ་སང་ཕྱི་ཚེས་ ༢༨ ཉིན་ཉི་འོང་དུ་ཕེབས་འབྱོར་བྱུང་ཡོད་འདུག  དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཉི་འོང་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལས་ཟུར་གཙོས་པའི་གྲོས་ཚོགས་འཐུས་མི་གྲངས་ ༣༢ དང་མཇལ་འཕྲད་ཞུས་ཤིང་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༣༠ ཉིན་དཔལ་ལྡན་སྲིད་སྐྱོང་ཨོ་ས་ཀར་ཕེབས་ཐོན་གྱིས་ས་གནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམ་ལ་མཇལ་འཕྲད་དང་། ཕྱི་ཚེས་ ༣༡ ཉིན་ Seifu Gakuen སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡ ཉིན་ཕྱིར་རྒྱལ་ས་ཏཱོ་ཀྱོ་ཕེབས་ཏེ་ས་གནས་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་བཅས་ཡོད་པར་འཁོད་འདུག་ལ། གཞན་ཡང་དཔལ་ལྡན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནི་ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༦ པའི་ཚེས་ ༥ བར་ས་གནས་སུ་མཛད་འཆར་ཡོད་འདུག་པ་དང་། ཕྱི་ཟླ་ ༦ པའི་ཚེས་ ༦ ཉིན་ཉི་འོང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་ཏེ། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག 

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་དེ་བཞིན་ཉི་འོང་གི་རྒྱལ་ས་ཏཱོ་ཀྱོར་ཕྱི་ཟླ་ ༦ པའི་ཚེས་ ༢ ནས་ ༤ བར་འཚོགས་རྒྱུ་ཡིན་འདུག་ལ། ཚོགས་ཆེན་འདིའི་ཐོག་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ཁག་ ༢༩ ནས་གྲོས་ཚོགས་འཐུས་མི་གཙོ་བོར་གྱུར་པའི་གཞུང་ཚབ་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༡༤༠ ཡས་མས་ཤིག་ཕེབས་འཆར་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།