དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཟླ་བ་འདིའི་ཚེས་ ༡༧ ཉིན་དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ། སྨད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་དམངས་ཡོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་ལྷན་དུ། སྨད་རྒྱུད་གྲྭ་ཚང་གིས་མགོན་པོ་གང་ལ་བཤད་སྒྲུབ་བསྟན་པའི་བདག་པོར་མངའ་གསོལ་གྱི་གཟེངས་རྟགས་ཕུལ་འདུག སྐབས་དེར་མགོན་པོ་གང་གིས་བརྒྱུད་འདེབས་ཀྱི་ལྗགས་ལུང་། དེ་བཞིན་གསང་འདུས་རིམ་ལྔ་དམར་ཁྲིད་ཀྱི་བཤད་ལུང་མདོར་བསྡུས་དང་དེ་འབྲེལ་གྱི་བཀའ་སློབ་བཅས་བཀའ་དྲིན་བསྩལ་གནང་འདུག དེ་ཡང་་༧གོང་ས་མཆོག་ནས་བོད་གངས་ཅན་ལྗོངས་སུ་འཕགས་པའི་ཡུལ་ནས་ཆོས་བསྒྱུར་བཞག་པ་མང་པོ་ཞིག་ཡོད་པའི་ནང་ཚན་ནས། དུས་ཡུན་རིང་པོའི་བར་ལ་འཆད་ཉན་སྒོམ་སྒྲུབ་རྒྱུན་མ་ཆད་པ་བྱས་ནས་བསྡད་པ་གཅིག་དེ་གསང་བ་འདུས་པ་ཆགས་ཡོད་པ་དང་། བོད་ཡོངས་རྫོགས་ལ་གསང་བ་འདུས་པའི་ཆོས་འཆད་མཁན་བྱེད་ཡས་གཅིག་ཡོད་ཀྱང་། གྲྭ་ཚང་དང་སྡེ་ཚན་དམིགས་བསལ་བ་གཅིག་གིས་གསང་བ་འདུས་པའི་རྒྱུད་འཆད་ཉན་བྱེད་ཡས་དེ་རྗེ་རིན་པོ་ཆེའི་ཕྱག་བཞེས་ཡིན་པའི་སྐོར་སོགས་གསུངས། དེ་བཞིན་མགོན་པོ་གང་ཉིད་ནས་ཀྱང་གསང་བ་འདུས་པའི་ལམ་གྱི་འགྲོ་སྟངས་དེ་དག་ཤེས། རྗེ་རིན་པོ་ཆེའི་གསུང་གི་ནང་ལོགས་སུ་གསང་བ་འདུས་པའི་སྐོར་གསུངས་བཞག་པ་དེ་ཚོའི་གྲས་ནས། བསམ་མནོ་གཏོང་ཡོང་དུས་དངོས་གནས་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་ཞིག་རེད་ཤག་བསམས་ནས་ངེས་པ་རྙེད་ཐུབ་ཡས་གཅིག་ཡོང་གི་འདུག་ཅེས་གསུངས། གཞན་ཡང་། འཛམ་བུ་གླིང་འདིའི་སྒང་གི་མི་དུང་ཕྱུར་ཁ་ཤས་ཡོད་བསྡད་པ་ཚང་མ་འདོད་པ་བདེ་བར་འདོད་ཅིང་། མི་འདོད་པ་སྡུག་བསྔལ་ཡིན་ཡང་། སེམས་མ་རུང་བ་དང་རྨོངས་པའི་དབང་གིས་གང་ལྟར་སྡུག་བསྔལ་གྱི་རྒྱུ་ཡིན་པ་མ་ཤེས་པ་དང་སྣང་མེད་དུ་བྱས་ནས། སྡུག་བསྔལ་སྐྱེ་ཡས་ཀྱི་རྒྱུ་མང་པོ་ཞིག་སྒོ་གསུམ་གྱི་མི་དགེ་བའི་ཐོག་ནས་ཡོང་གི་ཡོད་ཅེས་དང་། དེ་བཞིན་སྔགས་བྱང་སེམས་ཀྱི་དབང་དང་བྱིན་རླབས་དེ་འདྲ་ཐོབ་ཡོད་ན། དེ་དང་འབྲེལ་བའི་ཉེས་པ་དེ་འདྲ་མང་པོ་ཡོང་གི་ཡོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ལ་ངས་སྒོ་གསུམ་གྱི་སྡིག་སྒྲིབ་བསགས་པ་དེ་དག་སྙིང་ཁོངས་རུས་པའི་གཏིང་ནས་གཤག་པར་བྱའོ་བསམ་པའི་འགྱོད་པ་དང་བཅས་པས་སེམས་ཤུགས་ཡག་པོ་ཞིག་སྐྱེས་ནས་ཡིག་བརྒྱ་དང་མ་ཎི་གསོག་པ་སོགས་དེ་ལྟར་བྱས་ན་ཡག་པོ་ཡོད་པ་སོགས་བཀའ་བསྩལ་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།