དབང་ཆ་སྒེར་གཅོད་པའི་བུ་ཞིག་གིས་སྲིད་འཛིན་ལས་ཁུར་ཞུས་འདུག 

ཧྥི་ལེ་པེན་གྱི་ལོ་རྒྱུས་ནང་དུ་མི་མང་ལ་དྲག་གནོན་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་ཕོན་ཆེན་ལྐོག་ཟ་རུལ་སུངས་བྱས་མྱོང་དང་དབང་ཆ་སྒེར་གཅོད་མཁན་གྱི་སྲིད་འཛིན་ཟུར་པ་ཞིག་གི་བུ་ལ། སྲིད་འཛིན་གྱི་འོས་འགྲན་རྒྱལ་ཁ་ཐོབ་ནས་ལས་ཁུར་ཞུས་འདུག 

ཁོང་ལ་རྒྱལ་ཁ་ཐོབ་པའི་རྒྱུ་མཚན་གཙོ་བོ་ནི་ལོ་རྒྱུས་ནག་གསུབ་དང་དྲ་ཐོག་ཏུ་ཁྱོག་བཤད་ཁྱབ་སྤེལ་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཡིན་སྐོར་བརྗོད་བཞིན་འདུག 

ཟླ་༦ པའི་ཚེས་༣༠ ཉིན་ཧྥི་ལེ་པེན་གྱི་སྲིད་འཛིན་མཱར་ཁོ་སཱེ་ཆུང་བ་ཡིས་སྲིད་འཛིན་གྱི་ལས་ཁུར་ཞུ་བའི་མཛད་སྒོ་འཚོགས་འདུག་པ་དང་། སྐབས་དེར་སྐུ་མགྲོན་དུ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་དང་། ཨ་རིའི་སྲིད་འཛིན་གཞོན་པའི་ཁྱོ་ག་སོགས་སླེབས་ཡོད་འདུག 

དེ་ཡང་སྲིད་འཛིན་མཱར་ཁོ་སཱེ་ཆུང་བ་ཡི་ཕ་མཱར་ཁེ་སཱེ་ཡིས་ཕྱི་ལོ་༡༩༦༥ ལོ་ནས་༡༩༨༦ བར་རྒྱལ་ཁབ་དེའི་སྲིད་དབང་བཟུང་ཡོད་པ་དང་། ཕྱི་ལོ་༡༩༧༢ ལོར་རྒྱལ་ཁབ་དེའི་ནང་ཛ་དྲག་གི་ཁྲིམས་ལག་བསྟར་བྱས་ཏེ། དུས་སྐབས་དེའི་རིང་མི་གྲངས་༣༢༥༧ སྲིད་དོན་གྱི་རྒྱུ་མཚན་ལ་བརྟེན་ནས་དམར་གསོད་བཏང་ཡོད་ཁར། མི་གྲངས་ཁྲི་བདུན་ཙམ་བཙོན་འཇུག མི་གྲངས་སྟོང་ཕྲག་མང་པོར་སྡུག་སྦྱོང་མནར་གཅོད་བཏང་ཡོད་འདུག་པ་དང་། ཕྱི་ལོ་༡༩༨༦ ལོར་སྲིད་འཛིན་ཁོང་གི་དྲག་གནོན་དང་ལྐོག་ཟ་རུལ་སུངས་ལ་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་ཏེ། སྲིད་འཛིན་ཁོང་ལས་གནས་ནས་གནས་དབྱུང་བཏང་བ་དང་། ཁོང་ཨ་རིའི་མངའ་སྡེ་ཧཱ་ཝེ་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་འདུག རྒྱལ་ཁབ་དེའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྲིད་འཛིན་ཁོང་གི་ནང་མིས་རྒྱལ་ཁབ་ཀྱི་རྒྱུ་ནོར་ཉུང་མཐར་ཨ་སྒོར་ས་ཡ་༦༥༨ ཙམ་ལྐོག་ཟ་རུལ་སུངས་བྱས་ཡོད་པ་ར་སྤྲོད་བྱས་འདུག 

དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ད་ཆ་མི་ལོ་༣༦ གི་རྗེས་སུ་རྒྱལ་ཁབ་དེའི་ལོ་རྒྱུས་ནང་དུ་མི་ངན་ལ་བརྩི་བཞིན་པའི་སྲིད་འཛིན་ཁོང་གི་བུ་མཱར་ཁོ་སཱེ་ཆུང་བར་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཤུགས་ཆེན་ཐོབ་ནས་ལས་ཁུར་ཞུས་པ་བྱུང་ཡོད་པ་དང་། བློ་ཡུལ་ལས་འདས་པའི་གནད་དོན་དེ་འདྲ་ཞིག་བྱུང་བའི་རྒྱུ་མཚན་གཙོ་བོ་ནི། ལོ་ཤས་སྔོན་ནས་སྲིད་འཛིན་ཁོང་གི་འོས་བསྡུའི་དྲིལ་བསྒྲགས་ཚོགས་པས། དྲ་ཐོག་ནས་ཁོང་གི་ཕ་ཡི་སྲིད་འཛིན་ལས་ཡུན་སྐབས་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་གི་དུས་སྐབས་ཡག་ཤོས་ཡིན་པ། ཛ་དྲག་གི་ཁྲིམས་ལག་བསྟར་བྱས་པའི་དུས་ཡུན་སྐབས་སུ་མི་སེར་སུ་གང་འཛིན་བཟུང་བྱས་མེད་ཁར། དུས་ཡུན་དེའི་སྐབས་སུ་གནོད་འཚེ་འཕོག་ཡུལ་ཡིན་ཟེར་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་ཚུལ་རྫུན་བཟོ་བྱས་ཡོད་པ་དང་། རྒྱུ་མཚན་ནི་གཞུང་ནས་གུན་གསབ་ཐོབ་ཆེད་ཡིན་སྐོར་བརྗོད་དེ་སྲིད་འཛིན་ཟུར་པའི་ནང་མིའི་སྣང་བརྙན་གསར་པ་དང་བཟང་པོ་བཟོ་ཐབས་བྱས་ཡོད་པ་དང་། ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་བཟོའི་བརྙན་ཐུང་དང་རྩོམ་ཡིག་དེ་དག་སྤྱི་ཚོགས་དྲ་ལམ་ཆེ་ཁག་ཏུ་འཆར་གཞི་ལྡན་པའི་ཐོག་ནས་ཁྱབ་སྤེལ་ཤུགས་ཆེན་བྱས་ཡོད་ཁར། ལྟ་མཁན་ཡང་ས་ཡ་མང་པོ་བྱུང་ནས། སྔར་སྲིད་འཛིན་ཟུར་པ་དེའི་འོག་ཏུ་སྡུག་སྦྱོང་མྱངས་མྱོང་མཁན་མི་རབས་རྒན་པ་རྣམས་ལས་དེང་སང་གི་མི་རབས་གསར་པ་མང་པོའི་བློ་ཁ་བསྒྱུར་ཐུབ་པ་བྱུང་ནས། འོས་བསྡུར་ཤུགས་རྐྱེན་སྤྲད་ཐུབ་ཡོད་སྐོར་བརྗོད་བཞིན་འདུག 

ད་ལྟའི་ཆར་སྲིད་འཛིན་ཟུར་པ་དེའི་བུ་ཞིག་སྲིད་འཛིན་ཆགས་ཡོད་ཁར། ནང་མི་གཞན་ཁག་ཅིག་གྲོས་ཚོགས་འཐུས་མི་སོགས་ཆགས་ཡོད་པས། ཧྥི་ལེ་པེན་གྱི་སྲིད་དབང་རྒྱུན་རིང་བཟུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply