དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས།

ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་བརྟེན་ནས་ལོ་སྔོན་མའི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གཉིས་ཕྱིར་འཐེན་བྱས་ཡོད་པས། འདི་ལོར་ལྟད་མོ་བ་མེད་པའི་ཐོག་ནས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དེ་ཡང་ཉི་ཧོང་དུ་འགོ་བཙུགས་ཐུབ་འདུག 

ཟླ་༨ པའི་ཚེས་༢༤ ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཀྱོ་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཐེངས་༡༦ པ་དེའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་དང་། དེ་ཡང་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་༡༦༢ དང་རྩེད་མོ་བ་༤༤༠༠། རྩེད་རིགས་མི་འདྲ་བ་༢༢ དང་རྩེད་འགྲན་བྱེད་རྒྱུ་རེད་འདུག་ལ། མཇུག་སྡོམ་དེ་ཟླ་༩ པའི་ཚེས་༥ ཉིན་ཡིན་པ་རེད། 

ཉེ་ཆར་ཨབ་གྷ་ནི་སི་ཐན་གྱི་གཞུང་དེ་དྲག་སྤྱོད་ཚོགས་པ་ཏ་ལི་བྷན་གྱིས་དབང་འཛིན་བྱས་རྐྱེན། འགྲུལ་བཞུད་ཀྱི་བརྒྱུད་ལམ་ཚང་མ་བཀག་འགོག་བྱེད་བཞིན་ཡོད་པས། རྒྱལ་ཁབ་དེ་ནས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་བྱེད་མཁན་རྩེད་མོ་བ་སྐྱེས་པ་ཞིག་དང་བུད་མེད་གཅིག་བཅས་གཉིས་མཉམ་ཞུགས་བྱེད་ཐུབ་མེད་འདུག གལ་ཏེ་ཁོ་གཉིས་མཉམ་ཞུགས་བྱེད་ཐུབ་ཡོད་ཚེ། བུད་མེད་དེ་ཨབ་གྷན་གྱི་ལོ་རྒྱུས་ནང་དུ་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་ལ་མཉམ་ཞུགས་བྱེད་མཁན་བུད་མེད་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག འོན་ཀྱང་དབུ་འབྱེད་མཛད་སྒོའི་སྐབས་སུ་ཨབ་གྷན་གྱི་རྩེད་མོ་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་དྭངས་བླངས་པ་ཞིག་གིས་ཨབ་གྷན་གྱི་རྒྱལ་དར་འཁྱེར་ཡོད་པ་རེད། 

དབུ་འབྱེད་ཀྱི་མཛད་སྒོར་འཁྲབ་སྟོན་བྱེད་མི་༧༡༤ ཡོད་པའི་ཁོངས་ནས་༡༦༦ ནི་དབང་པོ་སྐྱོན་ཅན་ཡིན་འདུག་པ་དང་། ཉི་ཧོང་ནང་དུ་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དང་དབུ་འབྱེད་མཛད་སྒོར་དབང་པོ་སྐྱོན་ཅན་གྱི་འཁྲབ་སྟོན་མི་སྣ་ཡོད་པ་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། སྤྱི་ཚོགས་ནང་དུ་དབང་པོ་སྐྱོན་ཅན་ལ་ལྟ་ཕྱོགས་བཟང་དུ་འགྲོ་བའི་རེ་བ་བྱེད་བཞིན་ཡོད་འདུག 

དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཨོ་རྩལ་ཐོག་མ་དེ་ཕྱི་ལོ་༡༩༦༠ ལོར་ཨི་ཊ་ལིའི་རྒྱལ་ས་རཱོམ་ལ་འཚོགས་ཡོད་འདུག 

ཐེངས་འདིའི་རྩེད་འགྲན་སྐབས་སུ་བྱ་སྒྲོ་དང་། ཀོ་རི་ཡའི་དྲག་རྩལ་བཅས་རྩེད་མོ་གསར་པ་གཉིས་གསར་འཇུག་བྱས་ཡོད་པ་རེད། 

ཐེངས་འདིའི་འགྲན་ཚོགས་སུ་རྒྱ་གར་གྱི་རྩེད་མོ་བ་༥༤ ཡིས་རྩེད་རིགས་༩ ནང་འགྲན་ཞུགས་བྱེད་ཀྱི་ཡོད་འདུག་པ་དང་། ཐེངས་འདིར་བྱ་སྒྲོ་དང་མདའ་རྩེད། རྒྱུགས་མཆོང་འཕེན་གསུམ་བཅས་ཀྱི་ནང་དུ་རྒྱ་གར་གྱི་རྩེད་མོ་བར་རེ་བ་ཡོད་འདུག་པས། རྟགས་མ་༨ ནས་༡༢ བར་ཐོབ་རྒྱུའི་རེ་བ་བྱེད་བཞིན་འདུག 

ཕྱི་ལོ་༢༠༡༦ ལོའི་དབང་པོ་སྐྱོན་ཆན་གྱི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་བྱས་ཡོད་པ་དང་། དེ་གར་རྒྱལ་ཁབ་༡༦༡ ནས་རྩེད་འགྲན་པ་༤༣༠༠ མཉམ་ཞུགས་བྱས་ཡོད་ཁར། རྒྱ་ནག་རུ་ཁག་གིས་གསེར་གྱི་རྟགས་མ་༡༠༧ ཚུད་པའི་ཁྱོན་བསྡོམས་རྟགས་མ་༢༣༩ བླངས་ནས་ཨང་དང་པོ་ཐོབ་ཡོད་པ་དང་། ཨང་གཉིས་པ་དབྱིན་ཡུལ་དང་ཨང་གསུམ་པ་ཡུག་ཀེ་རན་ཡིན་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།