དབུ་ཕར་གཉིས་ཀྱི་ཆོས་ཐོག་ཆེན་མོ་འབྲས་སྤུངས་སུ་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་། དགེ་ལུགས་པ་ཡོངས་ཀྱི་༧རྒྱལ་བའི་བསྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་འདི་ལོ་དགུང་གྲངས་༨༠ ལ་ཕེབས་པར་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དབུ་ཕར་གཉིས་ཀྱི་ཆོས་ཐོག་ཆེན་མོ་འདི་ལོ་གསར་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

8462མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་དང་།   དམིགས་བསལ་སྐུ་མགྲོན་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་གཙོས་གདན་ས་དགའ་འབྲས་གཉིས་ཀྱི་མཁན་པོ་དང་མཁན་ཟུར་རྣམ་པ། གཞན་ཡང་རི་བོ་དགེ་ལྡན་པའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་བཞིན་པའི་དགེ་འདུན་པ་རྣམས་དབུ་ཕར་རྩོད་པའི་ཆོས་ཐོག་ཆེན་མོར་ཕེབས་ཡོད་པ་རེད།

དེ་ཡང་ཐོག་མར་༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་ཆེན་མོར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་བོད་བསྟན་སྲིད་ཆེད་དུ་སྐུ་འདས་གྲོངས་སོང་བ་རྣམས་ཀྱི་ཆེད་དུ་ཐུག་སྨོན་སྐྱབ་མཇུགས་གནང་བ་བཅས་ཀྱི་ལས་རིམ་གྲུབ་པ་དང་།

དགེ་ལུགས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཙོ་དགེ་ལུགས་སྤྱི་མཐུས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བསྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་བྱུང་རབས་དང་འབྲེལ། ཐེངས་འདིའི་དབུ་ཕར་ཆོས་ཐོག་ཆེན་མོ་གསར་འཛུགས་བྱེད་དགོས་པ་དེ་ཡང་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་༧གོང་ས་མཆོག་གིས་བཀའ་གནང་ཡོད་པ་རེད། འཇང་དགུན་ཆོས་སྐབས་སུ་གཞུང་ཆེན་ཚད་མ་རྣམ་འགྲེལ་ཙམ་མ་ཡིན་པར་དབུ་ཕར་གཉིས་ཀྱི་ཐོག་ལ་འཇང་དགུན་ཆོས་བཙུགས་དགོས་སྐོར་བཀའ་གནང་ཡོད་པ་རེད། དེའི་རྗེས་སུ་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པས་ལག་བསྟར་བྱེད་ཕྱོགས་ཐོག་བཀའ་བསྡུར་གནང་ནས་ད་ལན་དངོས་སུ་༧གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པའི་དབུ་ཕར་རྩོད་པའི་ཆོས་ཐོག་འདི་དངོས་སུ་དབུ་འཛུགས་གནང་ཐུབ་ཡོད་སྐོར་སོགས་གསུངས་སོང་།

8452དེ་ནས་རིམ་པས་ཐེངས་འདིའི་འཇང་དགུན་ཆོས་དང་འབྲེལ་བའི་དབུ་ཕར་རྩོད་པའི་ཆོས་ཐོག་གསར་འཛུགས་དང་འབྲེལ་སྐུ་མགྲོན་རྣམས་ཀྱི་རིམ་པས་བཀའ་སློབ་གནང་སོང་ལ།   དབུ་ཕར་གཉིས་ཀྱི་གཞུང་ལུགས་གཏན་ལ་ཕབ་ཕྱོགས།   མཁས་པ་སོ་སོའི་བཞེད་ཚུལ་མཐུན་མིན་བཅས་ཀྱི་ཐོག་རྒྱ་འགྲེལ་ཁག་དང་། ལྷག་པར་དུ་རྗེ་རིན་པོ་ཆེས་མཛད་པའི་ལེགས་བཤད་གསེར་ཕྲེང་བཅས་གཞི་རྩར་བཟུང་ནས་ཉིན་གྲངས་༡༥ རིང་བགྲོ་གླེང་ངམ་རྩོད་པ་འཚོགས་རྒྱུ་ཡིན་པ་རེད།

ཐེངས་འདིའི་དབུ་ཕར་རྩོད་པའི་ཆོས་ཐོག་ཆེན་མོ་འདི་ལོ་གསར་དུ་ཆེད་གཉེར་གྱི་བཙུགས་པ་ཞིག་ཡིན་པ་དང་།   དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་རིམ་གནང་གི་སྙིང་པོ་གཅིག་ཡིན་པ་རེད་འདུག །

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།