དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་།

ཟླ་འདིའི་ཚེས་༡༣ ནས་༢༢ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པར་ཆོས་བརྒྱུད་ཆེན་མོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་རིས་མེད་མཁས་པའི་བགྲོ་གླེང་ཞིག་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ནང་འཚོགས་བཞིན་ཡོད་པ་རེད།

gaden 2015   10   13དེ་ཡང་རི་བོ་དགེ་ལུགས་པ་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་ཞེས་དབུ་མ་རྩ་བ་ཤེས་རབ་དང་ཚད་ཆེན་གཉིས་ཀྱི་སྐོར་ཡིན་པ་རེད། ཐེངས་འདིའི་བགྲོ་གླེང་ནང་གཡུང་དྲུང་བོན་དང་རྙིང་མ།   ས་སྐྱ།   བཀའ་བརྒྱུད། དགེ་ལུགས་བཅས་རིས་མེད་ཆོས་བརྒྱུད་ཁག་ནས་མཁས་པ་ལྔ་བཅུ་ལྷག་ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

ཉིན་འདིའི་བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་གྱིས་དབུས་དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་དང་འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་གྲྭ་ཚང་གཉིས་ཀྱི་མཁན་པོ་མཁན་ཟུར།     ས་སྐྱའི་མཁན་ཆེན་བསོད་ནམས་རྒྱ་མཚོ་བཅས་ཕེབས་ཡོད་པ་རེད། དེ་བཞིན་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམས་རྒྱལ་རྒྱལ་མཚན་གཉིས་གཙོས་མོན་གྷོ་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་གི་ལས་ཀྱི་སྣེ་མོ་བ་རྣམས་མཛད་སྒོར་མཉམ་ཞུགས་བྱས་ཡོད་པ་རེད།

gaden 2015  10  13 2དེ་ཡང་ཐོག་མར་རི་བོ་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་འཚོགས་དགོས་པའི་དགོས་པ་དང་དམིགས་ཡུལ། དེ་བཞིན་དེའི་བྱུང་རིམ་གྱི་རྒྱབ་ལྗོངས་ངོ་སྤྲོད་དང་།   གོ་སྒྲིག་བྱེད་ཕྱོགས།   འདི་ལྟར་རིས་མེད་མཁས་པའི་བགྲོ་གླེང་ཞིག་འཚོགས་ཐུབ་པ་དེ་དགའ་སྦོབས་སྐྱེས་དགོས་པ་ཞིག་ཡིན་སྐོར་དང་།   ལྷག་པར་དུ་༧གོང་ས་མཆོག་གི་བཀའ་དགོངས་དང་འབྲེལ་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་རིས་མེད་མཁས་པའི་བགྲོ་གླེང་ཐོག་ཕེབས་པའི་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམས་ཀྱིས་ཐེངས་འདིའི་དབུ་ཚད་བགྲོ་གླེང་གི་མཛད་རིམ་དང་འབྲེལ་བའི་སྐོར་རིམ་པས་གསུང་བཤད་གནང་གྲུབ་པ་དང་། ས་སྐྱའི་མཁན་ཆེན་བསོད་ནམས་རྒྱ་མཚོས་དབུ་ཚད་བགྲོ་གླེང་གནང་ཕྱོགས་དང་འབྲེལ་བའི་ཐོག་གསུང་བཤད་གནང་དོན།   ཐེངས་འདིར་བགྲོ་གླེང་འདི་འདྲ་ཞིག་ཚོགས་ཐུབ་པ་དེ་ནི་ཧ་ཅང་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་དང་བརྗོད་གཞི་གནད་ལ་ཁེལ་བ་ཞིག་འདམ་ཡོད་སྐོར་དང་།   ལྷག་པར་ཕྱི་རོལ་བའི་གཞུང་ལུགས་ནང་གསལ་བའི་ལྟ་བ་ཁག་ཅིག་ལུང་འདྲེན་གནང་བ་དང་སྦྲགས་ང་ཚོས་དེ་དག་ལ་རྒྱུས་ལོན་བྱེད་དགོས་རྒྱུ་ཧ་ཅང་གལ་འགེངས་ཆེན་པོ་ཆགས་ཡོད་སྐོར་དང་།   དེ་དག་ལ་ལན་འདེབས་སམ་དགག་བཞག་ཀྱང་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།

བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེས་བགྲོ་གླེང་དང་འབྲེལ་བའི་སྐོར་གསུང་བཤད་གནང་དོན། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་ནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་དང་བཅས་ལྷན་དུ་འཛོམས་ནས་དབུ་ཚད་གཉིས་ཀྱི་ཐོག་མཁས་པའི་བགྲོ་གླིང་ཞིག་འདི་ལྟར་གནང་ཐུབ་པ་འདི་ནི་ཧ་ཅང་སྐལ་བ་བཟང་པོ་རེད་བསམ་གྱི་འདུག     ང་རང་སྔོན་མ་བོད་ལ་ཡོད་པའི་སྐབས་སུ་ཆོས་བརྒྱུད་ནང་ཕུན་ཚུན་འབྲེལ་འདྲེས་གང་ཡང་མེད་པར་ཐག་རིང་པོ་བྱས་ནས་བཞུགས་ཡོད་པ་རེད།   བྱེས་སུ་རྒྱ་གར་དུ་ང་རང་ཚོ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་འདུན་དགོངས་པ་གཅིག་གྱུར་གྱི་གསུང་ཆོས་ཤིག་ཡིན་ན་ཡང་། ཕན་ཚུན་གསན་པ་ལ་སོགས་པ་དཔེ་མི་སྲིད་པའི་ཡག་པོ་བྱུང་ཡོད་པ་རེད་ལ།   ད་དུང་ཡིན་ན་ཡང་སྔར་ལྷག་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་རེད།     ས་དགེ་བཀའ་རྙིང་གི་རིས་སུ་མ་ཆེད་པའི་ཆོས་བརྒྱུད་ཁག་གིས་རང་རང་གིས་ཆེད་དུ་བྱ་བའི་གདུལ་བྱང་ཟེར་ན་རེད།   དམ་པ་གོང་མ་རྣམས་ཀྱིས་གསུང་འགྲོས་མི་འདྲ་བ་རེ་ཡོད་པ་ཙམ་ལས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡིན་པ་གཅིག་མཚུངས་ཡིན་སྐོར་དང་།   ཐེངས་འདིའི་བགྲོ་གླེང་འདི་ལྷུག་པོ་ཞིག་ཡོང་ཐབས་གནང་དགོས་སྐོར་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་སོང་།

ཐེངས་འདིའི་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་དང་བཅས་ཀྱི་རིས་མེད་མཁས་པ་མཉམ་འདུས་ཀྱི་བགློ་གླེང་དེ་ནི་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང་།   བཀའ་དྲིན་རྗེས་དྲིན་དང་འབྲེལ་བའི་བགྲོ་གླེང་དེ་ནི་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་བསྟན་བདག་རྣམ་པ་དང་དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན ཚོགས་ཀྱི་གྲོས་ཚོགས་ཐོག་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པར་བཀའ་དྲིན་རྗེས་དྲན་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གྲོས་ཆོད་བྱུང་བ་ལྟར་ཚོགས་ཆུང་ཆེད་བཙུགས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་བཞུགས་སྒར་དུ་བརྟན་བཞུགས་བསྟར་འབུལ་ཟིན་པ་མ་ཟད། ད་དུང་ལོ་གཅིག་རིང་བཀའ་དྲིན་རྗེས་དྲན་གྱི་བྱེད་སྒོ་འདྲ་མིན་སྤེལ་རྒྱུའི་ལས་རིམ་རྒྱ་ཆེ་བང་བསྒྲིགས་ཡོད་པའི་ནང་གི་གལ་ཆེ་ཤོས་དེ་ཆགས་ཡོད་འདུག   གོང་གསལ་གོ་སྒྲིག་ཚོགས་པའི་ངོས་ནས་ལོ་འདིའི་ནང་ད་དུང་བགྲོ་གླེང་སོགས་ལས་རིམ་མང་དག་ཅིག་ཀྱང་སྤེལ་འཆར་ཡོད་ཅེས་སོགས་གསུངས་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།