དབུས་གཙང་གཞོན་སྐྱེས་ཚོགས་ཆེན་མཇུག་བསྒྲིལ་ཏེ་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ། 

༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་༧མགོན་པོ་གང་ཉིད་༧སྐུ་སྒེར་གྱི་བཀའ་དགོངས་ལམ་སྟོན་དང་། དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་ཐུགས་ཐག་གང་བཅད་གནང་བ་དེ་ལས་གཞན་པ་རྒྱ་དམར་སྲིད་གཞུང་གཙོ་བོར་བྱས་པའི་ཐེ་བྱུས་བྱེད་མཁན་ཡོད་ཚད་ལ་དབུས་གཙང་གཞོན་སྐྱེས་ཚོགས་ཆེན་འདིའི་ཐོག་ནས་ངོས་ལེན་རྩ་བ་ནས་མེད་པ་མ་ཟད་དགག་པ་མཐའ་གཅིག་ཏུ་ཡོད་པར་བརྗོད་འདུག 

ཕྱི་ཟླ་༦ པའི་ཚེས་༢༧ ནས་༣༠ བར་ཉིན་གྲངས་བཞིའི་རིང་དབུས་གཙང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་ཐོག་ནས་དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་དེ་བཞིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་གྷོ་པལ་པུར་Nature Bloom Hotel and Resort ཞེས་པའི་གསོལ་མགྲོན་ཁང་དུ་འདས་དོན་སྙིང་ལ་བཅངས་ནས། འབྱུང་འགྱུར་ལམ་བཟང་གཏོད། ཅེས་པའི་བརྗོད་ཚིག་རྩ་དོན་དུ་བཟུང་སྟེ་འཚོགས་འདུག་པ་དང་། སྐབས་དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དབུས་གཙང་གཞོན་སྐྱེས་བརྒྱ་ལྷག་ཙམ་ཚོགས་བཅར་གནང་ཡོད་འདུག་ལ། ཉིན་གྲངས་བཞིའི་རིང་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་དང་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས། སློབ་དཔོན་ན་ག་སངས་རྒྱས་བསྟན་དར། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་སོགས་དབུས་གཙང་གི་མཁས་པ་དང་གནད་ཡོད་མི་སྣ་རྣམས་ཀྱིས་བོད་བཙན་པོའི་དུས་སྐབས་ཀྱི་སྲིད་དབང་ཁྱབ་ཚད། ༧གོང་ས་མཆོག་གི་མཛད་རྣམ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ཕྱག་དེབ་ཀྱི་གལ་གནད། ཆིངས་ཡིག་དོན་ཚན་༡༧ གྱི་རྒྱབ་ལྗོངས། བོད་ཀྱི་ཆོས་སྲིད་མཚོན་དོན་ཕོ་བྲང་པོ་ཏ་ལའི་གལ་གནད། བོད་ཀྱི་སྐད་ཡིག་དང་བོད་རིགས་ན་བཞོན་གྱི་བར་ཐག་སེལ་ཐབས། བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ཀྱི་ཉེན་ཚབས་དང་དེ་ལ་གདོང་ལེན་བྱེད་ཕྱོགས། དེ་བཞིན་ཆབ་སྲིད་བཙོན་ཟུར་གྱི་གསུང་བཤད་དང་། བསྟན་སྲུང་དང་བླངས་དམག་ནང་ཞུགས་མཁན་གྱི་དབུས་གཙང་གི་མི་སྣ་བྱས་པ་ཅན་རྣམས་ལ་རྗེས་དྲན། དབུས་གཙང་མི་རབས་རྒན་པས་བཙན་བྱོལ་དུ་བོད་བསྟན་སྲིད་ཆེད་སྲི་ཞུ་ཇི་ལྟར་བསྒྲུབས་སྐོར་སོགས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་དྲི་བ་དྲི་ལན་གནང་འདུག་པ་དང་། གཞན་ཡང་ན་གཞོན་སྒྱུ་རྩལ་པ་འགའ་ལ་སོ་སོའི་ཉམས་མྱོང་སོགས་དང་འབྲེལ་ཏེ་བགྲོ་གླེང་གནང་འདུག ཐེངས་འདིའི་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐབས་སུ་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་དང་། སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ། དམིགས་བསལ་སྐུ་མགྲོན་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་བཅས་དང་། མཇུག་བསྡོམས་མཛད་སྒོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་བཅས་ཕེབས་ཏེ་གསུང་བཤད་གནང་འདུག ད་ལན་གྱི་ཚོགས་ཆེན་ཐོག་ནས་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག་པ་ནི། 

༡ འདི་ལོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ཕེབས་པར་དབུས་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་གོ་སྟོན་དང་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་པ་དང་འབྲེལ། ༧སྐུའི་འཁྲུངས་སྐར་གྱི་སྐལ་བཟང་དགའ་སྟོན་གྱི་ཉིན་མོར་དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་ཡོངས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་།་༧མགོན་པོ་གང་ཉིད་༧སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། 

༢ ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་གནད་དོན་ཐད་༧མགོན་པོ་གང་ཉིད་༧སྐུ་སྒེར་གྱི་བཀའ་དགོངས་ལམ་སྟོན་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་ཐུགས་ཐག་གང་བཅད་གནང་བ་དེ་ལས་གཞན་པ་རྒྱ་དམར་སྲིད་གཞུང་གཙོ་བོར་བྱས་པའི་ཐེ་བྱུས་བྱེད་མཁན་ཡོད་ཚད་ལ་དབུས་གཙང་གཞོན་སྐྱེས་ཚོགས་ཆེན་འདིའི་ཐོག་ནས་ངོས་ལེན་རྩ་བ་ནས་མེད་པ་མ་ཟད་དགག་པ་མཐའ་གཅིག་ཏུ་ཡོད། ༣ དབུས་བོད་མིའི་སྒྲིག་འཛུགས་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་མང་གཙོའི་མཚན་ཉིད་ཡོངས་སུ་རྫོགས་པའི་སྒྲིག་འཛུགས་ཤིག་ཡིན་སྟབས། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་བོད་མིའི་འཐབ་རྩོད་དེ་བཞིན་མི་རབས་ནས་མི་རབས་བར་རྒྱུན་གནས་ཐུབ་པ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། 

༤ དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འདིའི་ཐོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཤར་སྐྱོད་ཞུ་རྒྱུ་དང་། རང་གཞུང་དབུས་བོད་མིིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཆོལ་གསུམ་ཆིག་སྒྲིལ་ངང་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་ཞུ་རྒྱུ་ཡིན་ཞེས་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་དོན་ཚན་བཞི་ཅན་ཞིག་སྤེལ་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།