དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་༡༤ པ།
ཚོགས་པ་དང་སྒྲིག་འཛུགས་ག་འདྲ་ཞིག་ཡིན་ན་ཡང་། བོད་ཀྱི་ཆབ་སྲིད་ཀྱི་གནད་འགག་རྩ་དོན་ཐོག་ནང་ཁུལ་ཙམ་མ་ཡིན་པར་ཕྱི་ལ་བསྙོབ་པའི་ཕྱག་ལས་བྱེད་ཐུབ་རྒྱུ་གལ་ཆེ་སྐོར་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨ ཉིན་དྷ་ས་མེག་གྷན་དབུས་གཙང་ཆོལ་ཁའི་ཚོགས་ཁང་དུ་ཟླ་འདིའི་ཕྱི་ཚེས་༢༨ ནས་ཉིན་༦ རིང་ལ། དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་༡༤ པ་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་དང་། ས་གནས་༢༣ ནས་ཚོགས་བཅར་བ་༡༠༠ ལ་ཉེ་བ་འཛོམས་ཡོད་པ་རེད།
དེ་ཡང་སྐུ་མགྲོན་གྱི་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། ཕྱིའི་མི་སྣ་ཁག་དང་ཐུག་འཕྲད་སྐབས་བོད་ཀྱི་འདས་མ་ད་གསུམ་མགོ་འཚོས་པའི་ཐོག་ནས་བདེན་པར་རྒྱབ་སྐྱོར་གནང་བའི་རེ་སྐུལ་དང་། དེ་ཡང་ཚོར་བའི་ཐོག་ནས་མ་ཡིན་པར་རྒྱུ་མཚན་གྱི་ཐོག་ནས་རྒྱབ་སྐྱོར་གནང་རོགས་ཞེས་མདོར་དྲིལ་ནས་བཤད་ཀྱི་ཡོད་པ་ལྟར། ང་རང་ཚོས་ཀྱང་དེ་ལུགས་དགོས་རྒྱུ་གལ་ཆེ་སྐོར། དེ་བཞིན་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་དེ་ཚོར་བ་དང་ཞེན་ཁོག་གིས་ཐོག་ནས་གྲུབ་པ་མིན་པར་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་པས་སྒྲིག་འཛུགས་སོ་སོར་ཆེ་མཐོང་དང་། སྒྲིག་འཛུགས་དང་ཚོགས་སྐྱིད་ཁག་ཕན་ཚུན་ལ་འཆམ་འཐུན་དགོས་སྐོར། ཚོགས་པ་དང་སྒྲིག་འཛུགས་ག་འདྲ་ཞིག་ཡིན་ན་ཡང་། བོད་ཀྱི་ཆབ་སྲིད་ཀྱི་གནད་འགག་རྩ་དོན་ཐོག་ནང་ཁུལ་ཙམ་མ་ཡིན་པར་ཕྱི་ལ་བསྙོབ་པའི་ཕྱག་ལས་བྱེད་ཐུབ་རྒྱུ་གལ་ཆེ་སྐོར་སོགས་གསུངས་སོང་།
དེ་བཞིན་དབུས་གཙང་ཆོལ་ཁའི་དབུས་རྒྱུན་གྱི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་གི་ཚོགས་ཆེན་ངོ་སྤྲོད་ཀྱི་གཏམ་བཤད་ནང་། ༧གོང་ས་མཆོག་གིས་བོད་ཆོལ་གསུམ་གཅིག་སྒྲིལ་ཐོག་སྐུ་ངལ་ཚད་མེད་བསྐྱོན་ཡོད་པ་དེ་གླིང་གེ་སར་གྱི་སྒྲུང་ལྟ་བུ་མ་ཡིན་པར་བཙན་བྱོལ་ནས་༧གོང་ས་མཆོག་དང་བོད་གཞུང་གི་སྐུ་དྲིན་འོག་འཚར་ལོངས་བྱུང་བ་ཚོས་མཐོང་ཐོས་མྱོང་གསུམ་གྱི་ཐོག་ནས་གསལ་པོ་མཁྱེན་གྱི་ཡོད་པས། ཆོལ་གསུམ་གཅིག་ཏུ་བསྒྲིལ་ནས་ནུས་པ་འདོན་རྒྱུ་གལ་ཆེན་ཡིན་སྐོར་དང་། གཞན་ཡང་མངའ་རིས་གཙོས་པའི་དབུས་གཙང་གི་ལུང་ཚན་སོ་སོའི་ནང་ཡོད་པའི་མི་མང་ཚོས་ཤེས་རྟོགས་ཡོད་སྐོར་དང་། དབུས་གཙང་ཆོལ་ཁའི་མི་རབས་རྒན་པ་ཚོ་དང་། ཆོལ་ཁའི་ཐོག་ནས་སྐུ་མདུན་གྱི་བཀའ་གསུང་ཇི་བསྒྲུབས་ཞུས་ཡོད་པ་དང་། མཛུབ་མོ་གང་བསྟན་ཤར་ལ་བརྩིས་ནས་ཁ་ལ་ཉན་པོ་བྱས་པའི་གནས་ཚུལ་དེ། ཟླ་བ་ཚེ་རིང་གིས་བཤད་པ་དེ་འདྲ་མ་རེད། ༢༠༠༦ ལོར་སྐུ་མདུན་རང་གིས་ཞལ་དྲོན་མོ་ནས་སྐབས་དགུ་པའི་བརྟན་བཞུགས་ཕུལ་དུས་བཀའ་སློབ་ཞིག་གནང་ཡོད་སྐོར་གསུངས་སོང་།
དེ་བཞིན་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་བརྒྱུད་ནས་བོད་བསྟན་པ་སྤྱི་ལ་སྲི་ཞུ་སྒྲུབ་གལ། དེ་སྔོན་སྲིད་སྐྱོང་འོས་བསྡུའི་སྐབས་འོས་གཞི་ནང་མི་གཅིག་གཏན་ཁེལ་རྗེས་ས་གནས་ནས་མང་མོས་ཀྱིས་ཐོག་མར་འདེམས་སྒྲུག་དང་། དེ་རྗེས་ཚོགས་བཅར་བ་ཚོས་འོས་ཤོག་བླུགས་རྗེས་ཨང་དང་པོ་དེ་དབུས་གཙང་ཆོལ་ཁའི་སྲིད་སྐྱོང་འོས་མི་བཏོན་ཡོད་པ་ལས་རྒྱུན་ལས་དང་ཚོགས་གཙོས་བཀོད་ཇུས་དང་སྟངས་འཛིན་བྱས་པ་གཏན་ནས་མིན་སྐོར་གསུངས་སོང་།
ད་ཐེངས་ཀྱི་ཚོགས་ཆེན་ཐོག་གྲོས་གཞི་ཁག་༡༠ ཡོད་པ་ནི་༧གོང་ས་མཆོག་གི་བླང་དོར་བཀའ་སློབ་སྤྱི་དང་། ལྷག་པར་དགོངས་གཞི་གསུམ་གྱི་ཐོག་དབུས་གཙང་མི་མང་གི་དམིགས་བསལ་འགན་འཁུར་ཇི་ཡོད་སྐོར་དང་། གཉིས་པ། རྒྱ་ནག་གི་ངན་ཇུས་ཐོག་དངུལ་དངོས་རྗེས་འབྲང་དང་སྲུང་མ་བསྟེན་གསོལ་གྱི་གནད་དོན་ཁར་འཁྱེར་མཁན་དང་། ལྟ་ལོག་འགའ་ཤས་ཀྱིས་གང་བྱུང་དུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྣམས་ལ་དབུས་གཙང་མི་མང་གིས་གདོང་ལེན་དང་སྐུ་ཕྱྭའི་ཉེན་སྲུང་ཞུ་ཕྱོགས། གསུམ་པ། རྗེས་ཕྱོགས་སུ་སྲིད་སྤྱི་གཉིས་ཀྱི་འོས་གཞི་འདོན་དགོས་མིན་དང་། དགོས་ན་ཡར་རྒྱས་ཚགས་ཚུད་ཇི་ལྟར་གཏོང་ཕྱོགས། བཞི་པ། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་བོད་དོན་བདེན་མཐའ་མ་གསལ་བར་དུ་སྙིང་སྟོབས་རྒྱུན་གནས་ཡོང་ཐབས་སུ་བྱེས་འབྱོར་དབུས་གཙང་མི་མང་གིས་གདུང་སེམས་མཉམ་བསྐྱེད་ཞུ་ཕྱོགས། ལྔ་པ། བོད་མི་རིགས་ཀྱི་བདེན་མཐའ་གསལ་བར་སྲོག་རྩ་ལྟ་བུར་གྱུར་པའི་བོད་མིའི་སྒྲིག་འཛུགས་ལ་སྔར་ལྷག་དབུ་འོག་དཔུང་འདེགས་ཞུ་ཕྱོགས། དྲུག་པ། དབུས་གཙང་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་དང་ཚོགས་པ་སྐྱིད་སྡུག་ཁག་གི་མཉམ་འབྲེལ་ཡར་རྒྱས་གཏོང་ཕྱོགས། བདུན་པ། དབུས་གཙང་ཆོལ་ཁའི་དངུལ་རྩིས་སྟངས་འཛིན་དང་ཚོགས་ཆེན་གྲུབ་ཆ་གཙོས་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་གཏོང་ཕྱོགས། བརྒྱད་པ། དབུས་གཙང་དབུས་སྤྱི་རྒྱུན་ལས་འོས་འདེམས་སོགས་སྒྲིག་གཞི་བསྒྱུར་བཅོས་བྱ་ཕྱོགས། དགུ་པ། ཆོལ་ཁའི་མ་དངུལ་སྟངས་འཛིན་དང་མ་དངུལ་རྣམས་དྲང་བདེན་དང་ཚད་ལྡན་གྱི་བེད་སྤྱོད་བྱེད་ཕྱོགས། བཅུ་པ། སྐབས་༡༣ པའི་དབུས་རྒྱུན་འོས་འདེམས་བྱ་རྒྱུ་སོགས་ཀྱི་གྲོས་འཆར་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།