དབུས་སྨན་རྩིས་ཁང་དུ་ཕྱི་རྒྱལ་སློབ་ཕྲུག་རྣམས་ཀྱི་སྐབས་དང་པོའི་འཛིན་གྲྭ་འགོ་བཙུགས་སོང་།
རྡ་སར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་གིས་ཟླ་༡ པོའི་ཚེས་༡༣ ཉིན་། ཕྱིའི་རྒྱལ་ཁབ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་བཀའ་བཅུ་པའི་འཛིན་གྲྭ་སྐབས་དང་པོ་དེ་འགོ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་བ་དང་། འཛིན་གྲྭ་དེར་ཕྱི་རྒྱལ་སློབ་མ་གྲངས་༢༧ ཡོད་པ་རེད།
དབུས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་གསུང་དོན་ལ། སྨན་རྩིས་ཁང་ངོས་ནས་གཙོ་བོ་བོད་ཕྲུག་རྣམས་ལ་གསོ་བ་རིག་པ་སློབ་གཉེར་གི་མཐུན་རྐྱེན་སྦྱོར་གྱི་ཡོད་ཀྱང་། དེ་དང་ལྷན་དུ་ལོ་རེར་རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་སློབ་ཕྲུག་གཉིས་ལ་ཟུར་དུ་དམིགས་བསལ་རྐུབ་བཀྱག་གཉིས་བཞག་ཡོད་པས། ད་བར་དེའི་ཁུལ་ནས་ཡིན་པའི་སློབ་ཕྲུག་༢༢ སྨན་རྩིས་ཁང་ནས་མཐར་ཕྱིན་ཡོད་སྐོར་དང་། ད་ཐེངས་ཀྱི་ཕྱི་མི་ལ་གསོ་བ་རིག་པ་སློབ་འཁྲིད་བྱ་རྒྱུའི་ལས་གཞི་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༡༩༦༡ ལོར། ད་ལྟ་སྨན་རྩིས་ཁང་ལ་མི་ཆ་དང་དཔལ་འབྱོར་གྱི་ཐོག་ནས་ཉག་ཕྲ་བར་གྱུར་ཡོད་ཀྱང་། ལོ་ངོ་༤༠ ལྷག་གི་རྗེས་ནས་བོད་ཀྱི་གསོ་བ་རིག་པ་དེ་ཉིད་གོང་འཕེལ་དུ་འགྲོ་ངེས་ཡིན་སྐོར་གྱི་བཀའ་སློབ་དེ་ཉིད་མངོན་སུམ་དུ་གྱུར་བའི་བདེན་དཔང་ཞིག་ཡིན་པ། སྨན་རྩིས་ཁང་གི་ལོ་རྒྱུས་ཀྱི་ནང་དུ། ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་ལ་བོད་སྐད་བོད་ཡིག་གི་ལམ་ནས་གསོ་བ་རིག་པ་དང་སྐར་རྩིས་སོགས་སློབ་ཁྲིད་བྱ་རྒྱུའི་སྐབས་དང་པོའི་སློབ་མ་བསྡུ་ལེན་བྱས་པ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ནང་གི་ཐོག་མ་དེ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
དེ་བཞིན་བཞུགས་སྒར་རྡ་སའི་སྨན་རྩིས་མཐོ་སློབ་ཀྱི་སློབ་མ་རྣམས་རྒྱ་གར་ལྷོ་ཕྱོགས་བྷེང་ལོང་དུ་གསར་འཛུགས་བྱས་པའི་སྨན་རྩིས་མཐོ་སློབ་ཏུ་སྤོས་ཟིན་པ་ལྟར། རྡ་སའི་མཐོ་སློབ་ཏུ་གསོ་བ་རིག་པར་དོན་གཉེར་ཡོད་པའི་ཕྱི་མི་རྣམས་ལ་བཀའ་བཅུ་པའི་ལག་འཁྱེར་ཐོག་སྨན་རྩིས་སློབ་འཁྲིད་བྱ་རྒྱུ་ཡིན་པ་དང་། ལས་གཞི་འདིར་རྒྱ་གར་དང་། ཨུ་རུ་སུ། སོག་པོ། ཁལ་མིག ཐུ་ཝ། ཨ་རི། ཀེར་གྷི་སི་ཐན། ཡུ་ཁེ་རེན་བཅས་ནས་སློབ་ཕྲུག་གྲངས་༣༢ གྱིས་འཚང་སྙན་ཕུལ་ཡོད་ཀྱང་། མཐར་སློབ་ཕྲུག་༢༧ སློབ་ཞུགས་བྱས་ཐུབ་ཡོད་ཅིང་། སློབ་ཕྲུག་དེ་དག་ཁྲོད་ཕལ་ཆེ་བས་སཱ་ར་མཐོ་སློབ་སོགས་ནས་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་བྱས་མྱོང་འདུག་ཀྱང་། ཁག་ཅིག་ལ་བོད་ཡིག་གི་རྨང་གཞི་ཙམ་ཡང་མེད་ཅིང་། བཀའ་བཅུ་པའི་བསླབ་གཞི་རྣམས་བོད་ཡིག་ཐོག་འཁྲིད་རྒྱུ་ཡིན་སྟབས། སློབ་མ་རྣམས་ནས་ཟླ་བ་༦ རིང་བོད་སྐད་ཡིག་གི་འཛིན་གྲྭ་སྦྱོང་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།