དབྱིན་གཞུང་གིས་དེ་གའི་ཆབ་སྲིད་མི་སྣ་ཚོ་དང་འབྲེལ་བ་ཟབ་ཅིང་རྒྱ་གཞུང་གི་སོ་མྱུལ་བ་ཡིན་པའི་རྒྱའི་ཚོང་པ་ཞིག་གི་མིང་ཕྱིར་བསྒྲགས་བྱས།

དབྱིན་ཡུལ་གྱི་ཆབ་སྲིད་མི་སྣ་དང་འབྲེལ་བ་ཟབ་མོ་ཡོད་མཁན་རྒྱ་མིའི་ཚོང་པ་ཞིག་དེ་སྔོན་དབྱིན་གཞུང་གིས་རྒྱ་ནག་ལ་ཕྱིར་འབུད་བཏང་ཡོད་པ་དང་། ད་བར་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་དང་བརྒྱུད་ལམ་ཁག་གིས་ཁོའི་མིང་དངོས་སུ་མ་བོས་པར་(H6) ཞེས་འབོད་ཀྱི་ཡོད་ཀྱང་། ཉེ་ཆར་དབྱིན་ཡུལ་གཞུང་གིས་རྒྱ་མི་དེ་རྒྱ་གཞུང་དང་འབྲེལ་བ་ཡོད་པ་དང་། ཁོས་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པར་ངོས་འཛིན་གྱིས་མིང་དང་བཅས་པ་ཕྱིར་བསྒྲགས་བྱས་ཡོད་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༡༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༣ ལོར་དབྱིན་གཞུང་གིས་རྒྱ་མི་ཞིག་སོ་མྱུལ་བའི་དོགས་གཞིའི་འོག་དབྱིན་ཡུལ་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། ཚོང་པ་དེ་དབྱིན་གཞུང་གི་ཆབ་སྲིད་མི་སྣ་དང་ལྷག་པར་དུ་རྒྱལ་སྲས་ཨན་ཌི་རུ་(Prince Andrew) དང་སྤྱིར་བཏང་མ་ཡིན་པའི་འབྲེལ་བ་ཟབ་མོ་ཡོད་པར་བརྟེན། ད་བར་ཁོའི་མིང་དངོས་སུ་ཕྱིར་བསྒྲགས་མ་བྱས་པ་དང་། དེའི་ཚབ་ཏུ་H6 ཞེས་འབོད་ཀྱི་ཡོད་འདུག། བདུན་འདིའི་རེས་གཟའ་ཟླ་བའི་ཉིན་དབྱིན་གཞུང་གིས་ཚོང་པ་དེའི་མིང་དངོས་ལ་ཡང་ཧན་ཅུན་(Yang Hengjun) དང་། མིང་གཞན་ལ་ཁེ་རི་སི་ཡང་(Chris Yang) ཟེར་བ་དང་། ཁོ་ནི་ལོ་༥༠ ལ་སོན་པའི་ཚོང་པ་ཞིག་དང་། ལྷག་པར་དུ་རྒྱ་གཞུང་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་ངོས་འཛིན་བྱས་ནས་ཕྱིར་བསྒྲགས་བྱས་ཡོད་འདུག ཉེ་བའི་ལོ་ཁ་ཤས་ཀྱི་རིང་། དབྱིན་ཡུལ་གྱི་གྲོས་ཚོགས་དང་གཞུང་གི་སྒྲིག་འཛུགས་ཁག་ལ་རྒྱ་ནག་གི་གསང་མྱུལ་བ་སིམ་འཛུལ་བྱུང་བའི་དོགས་གཞི་ཡོད་པ་དང་། དངོས་སུ་ར་འཕྲོད་བྱུང་བ་སོགས་ཀྱི་གནས་ཚུལ་རིམ་པ་ལྷག་པའི་ཁྲོད་ནས་མིང་གྲགས་ཆེ་ཤོས་ཀྱི་གྱོད་དོན་ཞིག་ཆགས་ཡོད་འདུག

རྒྱ་ནག་གི་ཚོང་པ་ཡང་ཧན་ཅུན་ནི་ཕྱི་ལོ་༡༩༧༤ ལོར་རྒྱ་ནག་ཏུ་སྐྱེས་ཤིང་། ཕྱི་ལོ་༢༠༠༢ ལོར་ཐོག་དང་པོར་དབྱིན་ཡུལ་དུ་ཕྱིན་ནས་ལོ་གཅིག་གི་རིང་དབྱིན་ཡུལ་གྱི་རྒྱལ་སར་སློབ་སྦྱོང་བྱས་རྗེས། ཡོག་(York) ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ནས་གཙུག་ལག་རབ་འབྱམས་པ་ཐོན་ཡོད་འདུག ཕྱི་ལོ་༢༠༠༥ ལོར་ཁོས་ཧེམ་ཀྲོང་རྒྱལ་སྤྱིའི་ལྟེ་གནས་(Hampton Group International) ཞེས་པ་ཞིག་བཙུགས་ནས་ད་བར་ཁོ་ལ་ཀམ་པ་ནེ་(Company) ལྔ་ཡོད་པ་དག་གི་འགན་འཛིན་གྱི་ལས་ཀ་བྱས་ཡོད་འདུག

ཕྱི་ལོ་༢༠༢༡ ཕྱི་ཟླ་༡༡ ཚེས་༦ ཉིན་དབྱིན་ཡུལ་གྱིས་རྒྱུ་མཚན་གང་ཡིན་ཕྱིར་བསྒྲགས་མ་བྱས་པར་ཁོ་ས་མཚམས་སུ་བཀག་ནས་དབྱིན་ཡུལ་དུ་འགྲོ་བཅུག་མེད་པ་མ་ཟད། ཁོའི་ཁ་པར་དང་གློག་ཆས་རྣམས་རྩིས་བླངས། ཕྱི་ལོ་༢༠༢༢ ཟླ་༢ པའི་ནང་། ཁོས་དབྱིན་ཡུལ་གཞུང་གིས་ཁོའི་གནས་ཚུལ་ཉར་ཚགས་བྱས་པ་རྣམས་ཕྱིར་འཐེན་བྱེད་དགོས་པའི་ཁྲིམས་གཏུགས་བྱས་ནས་ཐོག་མར་ཁོ་རང་ལ་རྒྱལ་ཁ་ཐོབ་ཡོད་ཀྱང་། རྗེས་སུ་ཞུ་གཏུགས་བྱས་པར་ཕམ་ཉེས་བྱུང་ཡོད་འདུག་ལ། སྐབས་དེར་དབྱིན་ཡུལ་གཞུང་གིས་ཁོ་དང་རྒྱ་ནག་གི་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་བར་འབྲེལ་བ་ཡོད་པ་ངོས་འཛིན་བྱས་ཡོད་འདུག

འཐབ་ཕྱོགས་གཅིག་གྱུར་ཁང་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་། རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པའི་གནད་དོན་ཁག་ཅིག་དང་འབྲེལ་བ་ཡོད་པ་དང་། ཞིབ་འཇུག་པ་ཚོས་ལས་ཁུངས་དེས་ཕྱི་རྒྱལ་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་རྒྱ་རིགས་ཚོང་པ་དང་ཁྲིམས་མཐུན་གྱི་ཚོགས་སྡེ་ཁག་རྒྱ་ནག་གི་ལས་དོན་སྒྲུབ་མཁན་དུ་བེད་སྤྱོད་གཏོང་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག

ཟླ་འདིའི་ཚེས་༡༦ ཉིན་(THEWEEK) ཞེས་པའི་གསར་ཁང་ཐོག རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་འཛམ་གླིང་གི་མི་སྣ་གྲགས་ཅན་ཚོར་འབྲེལ་བ་བཙུགས་ནས་བློ་འགོག་ཐབས་བྱེད་ཀྱི་ཡོད་པ་ལྟར། ཚོང་པ་དེ་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བྱེད་མཁན་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ཁྲི་བཞི་ལྷག་ཡོད་པའི་གྲས་ཀྱི་གཅིག་ཡིན་པའི་གནས་ཚུལ་བཀོད་འདུག

པར། བྷི་བྷི་སི། རྒྱལ་སྲས་དང་གསང་མྱུལ་བ་གཉིས།

ཕྱི་ལོ་༢༠༢༣ ཟླ་༢ པའི་ནང་ཁོ་རྒྱ་ནག་ནས་དབྱིན་ཡུལ་དུ་ལོག་སྐབས། ཁོ་རང་གནམ་གྲུ་ནས་ཕབ་ཡོད་པ་དང་། དབྱིན་ཡུལ་གྱིས་ཁོ་རང་རྒྱལ་ནང་དུ་འཛུལ་ཞུགས་བྱེད་རྒྱུར་བཀག་འགོག་བྱེད་རྒྱུའི་ཐག་གཅོད་བྱེད་བཞིན་ཡོད་པར་བརྗོད་འདུག ན་ནིང་ཕྱི་ཟླ་༣ ཕའི་ཚེས་༡༥ ཉིན་དབྱིན་ཡུལ་གྱི་ནང་སྲིད་བློན་ཆེན་གྱིས་ཁོ་ཕྱིར་འབུད་བཏང་བ་དེས་མང་ཚོགས་ཀྱིི་བདེ་སྐྱིད་ལ་ཕན་ཐོགས་ཡོད་ཅེས་བརྗོད་ནས་ཁོའི་གནས་སྡོད་ཐོབ་ཐང་མེད་པ་བཟོས་ཡོད་འདུག

དབྱིན་གཞུང་གིས་ཁོ་རང་གི་ཁ་པར་དང་གློག་ཀླད་ནང་ཁོ་དང་རྒྱ་གཞུང་བར་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། སྐབས་རེར་ཁོས་རྒྱ་གཞུང་དང་། དམར་ཤོག་ཚོགས་པ། འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་བཅས་དང་འབྲེལ་བ་ཡོད་པ་དག་ཆེད་མངགས་མེད་པ་བཟོས་ཡོད་པ་ཡང་ཤེས་རྟོག་བྱུང་ཡོད་འདུག།

གཞན་ཡང་། དབྱིན་ཡུལ་གྱི་དཔོན་རིགས་ཚོས། རྒྱལ་སྲས་ཨན་ཌི་རུའི་སློབ་སྟོན་པ་གཙོ་བོ་(Dominic Hampshire) ཡིས་རྒྱ་མི་དེར་ཡིག་འཕྲིན་བཏང་བའི་ནང་། རྒྱ་མི་དེར་རྒྱ་ནག་གི་མ་འཇོག་རྩ་ཆེན་ཁག་དང་འབྲེལ་བ་བྱེད་སྐབས། རྒྱལ་སྲས་ཀྱི་ཚབ་བྱས་ནས་ལས་དོན་སྒྲུབ་ན་ཆོག་ཅེས་དང་། ཡང་ཡིག་འཕྲིན་གཞན་ཞིག་གི་ནང་། རྒྱལ་སྲས་ཀྱི་ཐག་ཉེ་ཤོས་ཀྱི་ནང་མི་དང་ནང་གི་སློབ་སྟོན་པ་ཚོ་ཕུད། ཁྱེད་རང་ནི་ཤིང་སྡོང་གི་རྩེ་མོར་བསླེབས་ཡོད་པ་ལྟར། མི་མང་པོས་ཤིང་སྡོང་གི་རྩེར་འཛེགས་འདོད་ཡོད་པ་རེད་ཅེས་བརྗོད་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག ཡིན་ཡང་། ད་བར་སློབ་སྟོན་པས་ཡིག་འཕྲིན་དེ་དག་དང་འབྲེལ་སྐད་ཆ་གང་ཡང་བཤད་མེད་པ་རེད་འདུག

ཕྱི་ལོ་༢༠༢༠ ལོར་རྒྱལ་སྲས་ཨན་ཌི་རུ་ཡིས་རྒྱ་མི་དེ་ཁོང་གི་སྐྱེས་སྐར་ལ་གདན་འདྲེན་ཞུས་ཡོད་འདུག རྒྱལ་སྲས་ཀྱིས་སྲིད་གཞུང་ནས་ལམ་སྟོན་བྱས་པའི་རྗེས། ཁོང་གིས་རྒྱ་མི་ཚོང་པ་དེ་དང་འབྲེལ་བ་ཡོངས་རྫོགས་བཅད་ཡོད་ཅེས་བརྗོད་ཀྱང་། འབྲེལ་བ་ག་དུས་བཅད་ཡོད་པ་གསལ་བོ་བཤད་མེད་པ་རེད་འདུག

ཕྱི་ལོ་༢༠༢༢ ལོར་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་ཀྱིས་དབྱིན་ཡུལ་གྱི་ཁྲིམས་རྩོད་པ་རྒྱ་རིགས་(Christine Lee) ཟེར་བ་ཁོས་ལོ་མང་རིང་གྲོས་ཚོགས་འཐུས་མི་ཚོ་ལ་ཚུལ་མིན་གྱི་ཤུགས་རྐྱེན་སྤྲད་རྒྱུའི་འབད་བརྩོན་བྱས་ཡོད་པ་ཆབ་སྲིད་མི་སྣ་ཚོར་ཉེན་བརྡ་བཏང་ཡོད་པ་དང་། ཕྱི་ལོ་༢༠༢༣ ལོར་གྲོས་ཚོགས་ཀྱི་ཉམས་ཞིབ་པ་ཞིག་གིས་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པར་བརྗོད་འདུག

རྒྱལ་ཁབ་ཀྱི་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། དེ་བཞིན་རྒྱ་ནག་གིས་ཨུ་རུ་སུའི་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པ་སོགས་ལ་བརྟེན། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་ན་ཡང་། ལོ་འདིའི་ཕྱི་ཟླ་༧ པའི་ནང་འདེམས་ཐོན་བྱུང་བའི་དབྱིན་ཡུལ་གྱི་སྲིད་བློན་གྱིས་རྒྱ་ནག་དང་འབྲེལ་བ་སླར་གསོ་བྱེད་ཐབས་བྱས་ནས། བྷར་ཛིལ་ལ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་འཚོགས་པའི་སྐབས། ཁོས་རྒྱ་ནག་གི་སྲིད་འཛིན་དང་ཐུག་འཕྲད་བྱས་ཡོད་འདུག ཐུག་འཕྲད་དེ་ནི་ཕྱི་ལོ་༢༠༡༨ ནས་བཟུང་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།