དབྱིན་གཞུང་གིས་ཝུའུ་ཧན་ནད་ཡམས་སྔོན་འགོག་གི་སྨན་སྤྱོད་པའི་ཆོག་མཆན་སྤྲད།
དབྱིན་ཇིའི་གཞུང་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྔན་མི་མང་ལ་སྤྱོད་པའི་ཆོག་མཆན་སྤྲད་དེ་བདུན་ཕྲག་རྗེས་མ་ནས་དངོས་སུ་འགྲེམས་སྤེལ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་བས། འཛམ་གླིང་ནང་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་ལ་དངོས་སུ་ཆོག་མཆན་སྤྲོད་མཁན་གྱི་རྒྱལ་ཁབ་ཆེས་ཐོག་མ་དེ་ཆགས་འདུག
ཕྱི་ཟླ་༡༢ ཚེས་༢ རེས་གཟའ་ལྷག་པའི་ཉིན་དབྱིན་ཇིའི་འཕྲོད་བསྟེན་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “དེ་རིང་དབྱིན་ཇིའི་གཞུང་གིས་སྨན་དང་འཕྲོད་བསྟེན་ཐོན་རྫས་ཞིབ་བཤེར་ལས་ཁུངས་ནས་བཀོད་མངགས་བྱས་པ་ལྟར་ཕཱ་ཛར་བཟོ་ཚོང་ཁང་ནས་བཟོས་པའི་སྔོན་འགོག་སྨན་(Pfizer-BioNTech’s Covid-19 vaccine) བེད་སྤྱོད་གཏོང་བའི་ཆོག་མཆན་སྤྲད་པ་ཡིན་”ཞེས་བཀོད་འདུག
དབྱིན་ཇིའི་འཕྲོད་བསྟེན་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་། “སྔོན་འགོག་གི་སྨན་དེ་བདུན་ཕྲག་རྗེས་མ་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་”བྱེད་རྒྱུ་ཡིན་པ་མ་ཟད། རྒས་གསོ་ཁང་གི་རྒས་འཁོགས་དང་། སྨན་ཁང་དང་འཕྲོད་བསྟེན་མི་སྣ་རྣམས་ལ་དམིགས་བསལ་གྱིས་འཕྲོད་ཐབས་བྱེད་རྒྱུ་ཡིན་ཚུལ་སོགས་བཀོད་འདུག
གཞན་ཡང་། ཨ་རིས་ཀྱང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་ནས་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱི་སྨན་སྨན་འགྲེམ་སྤེལ་བྱས་ཏེ་ཨ་རིའི་མི་མང་གི་ཛ་དྲག་དཀའ་ངལ་སེལ་ཐབས་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།