དབྱིན་གཞུང་གིས་རྒྱ་ནག་གི་དབང་ཤུགས་འགོག་པའི་ཁྲིམས་གསར་པ་བཟོ་འཆར་འདུག
ཨ་རི་དང་དབྱིན་ཡུལ་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གི་ཚོང་ལས་སྡེ་ཚན་དང་ཤེས་ཡོན་སྡེ་ཚན། དེ་བཞིན་ཆབ་སྲིད་སྡེ་ཚན་སོགས་ཀྱི་ནང་དུ་རྒྱ་ནག་དབང་ཤུགས་མེད་པ་བཟོ་ཐབས་བྱེད་བཞིན་པའི་སྐབས་དེར། དབྱིན་གཞུང་གིས་ཀྱང་ལས་དོན་དེ་འབྲེལ་གྱི་ཁྲིམས་ཤིག་གསར་པ་བཟོ་ཐབས་བྱེད་བཞིན་ཡོད་འདུག
ཟླ་༦ པའི་ཚེས་༨ ཉིན་དབྱིན་ཡུལ་གྱི་གསར་ཁང་རེའུ་ཊར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱིན་ཡུལ་རྒྱལ་ཁབ་ནང་རྒྱ་ནག་གི་དབང་ཤུགས་ཆེ་རུ་འགྲོ་བཞིན་པའི་སེམས་འཚབ་ཡོད་པ་དང་བསྟུན། སྲིད་བློན་བྷོ་རེ་སེ་ཇོན་སོན་གྱིས་རྒྱལ་ཁབ་དེའི་ཚོང་ལས་ཁང་རྣམས་ཕྱི་མི་དང་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་ཁང་གིས་ཉོ་མི་ཐུབ་པ་བཟོ་ཆེད་ཀྱི་ཁྲིམས་དམ་པོ་གསལ་བསྒྲགས་བྱེད་འཆར་ཡོད་འདུག
དེ་ཡང་ཁྲིམས་དེའི་ནང་གལ་ཏེ་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་ཁང་ཞིག་གིས། དབྱིན་ཡུལ་གྱི་ཚོང་ལས་ཁང་ཞིག་གི་མ་རྐང་བརྒྱ་ཆ་༢༥ ལས་མང་བ་ཉོ་ཐབས་བྱས་པའམ། མཁར་དབང་དང་སྒྱུ་སྩལ་གྱི་བདག་དབང་ཉོ་ཐབས་བྱས་ཚེ་གཞུང་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་འདུག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་སྲིད་པའི་ལས་དོན་དེ་རིགས་སྙན་སེང་མ་ཞུས་ཚེ། ཚོང་ལས་ཁང་དེའི་འགན་འཛིན་རྣམས་བཙོན་འཇུག རྩིས་མེད་གཏོང་བའམ་དཔལ་འབྱོར་ཉེས་ཆད་ཀྱི་གཏོང་རྒྱུ་ཡིན་འདུག
དབྱིན་ཡུལ་སྲིད་བློན་གྱིས་ཁྲིམས་དེའི་ནང་ཕྱིའི་རྒྱལ་ཁབ་ཁག་དང་དབྱིན་ཡུལ་གྱི་ཤེས་ཡོན་སྡེ་ཚན་བར་གྱི་མཉམ་ལས་དང་ཞིབ་འཇུག་ལས་འཆར་ཡང་འཇུག་འདོད་བྱེད་ཀྱི་ཡོད་འདུག
དེ་ཡང་དབྱིན་ཡུལ་ནང་རྒྱ་ནག་གི་ཧུ་ཝེ་ཚོང་ལས་ཁང་ལ་བརྡ་འཕྲིན་ཨང་རིམ་༥ པའི་ཡོ་ཆས་བཀོལ་སྤྱོད་བྱེད་མིན་ཐོག་གི་གླེང་སློང་འགྲོ་བཞིན་ཡོད་ཁར། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོས་དབྱིན་ཡུལ་གྱི་སྲིད་བློན་ལ་རྒྱ་ནག་གི་ཧུ་ཝེ་ཚོང་ལས་ཁང་བཀག་སྡོམ་བྱེད་དགོས་པའི་གནོན་ཤུགས་ཀྱང་སླེབས་བཞིན་ཡོད་འདུག
དབྱིན་ཡུལ་གྱི་དངུལ་ཁང་ཆེ་གྲས་HSBC ཡིས་དབྱིན་ཡུལ་གྱི་སྲིད་བློན་ལ། གལ་ཏེ་དབྱིན་ཡུལ་ནང་ཧུ་ཝེ་ཡོ་ཆས་བཀག་སྡོམ་བྱས་ཚེ། རྒྱ་ནག་ནང་དུ་དངུལ་ཁང་དེར་འཁོན་ལན་སློག་སྲིད་པས། བཀག་སྡོམ་བྱེད་མི་རུང་བའི་རེ་སྐུལ་བྱས་པའི་གནས་ཚུལ་འདུག དངུལ་ཁང་དེ་ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་མཁན་ཡང་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།