དབྱིན་ཇིའི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཤིང་ཅང་དུ་མི་རིགས་རྩ་མེད་བཟོ་བཞིན་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་འདུག
ཨ་རི་དང་། ཁ་ན་ཊ། ནེ་དྷར་ལན་ཌི་བཅས་ཀྱི་རྗེས་སུ། དབྱིན་ཇིའི་གྲོས་ཚོགས་ནས་ཀྱང་རྒྱ་ནག་གཞུང་གིས་ཤིང་ཅང་དུ་ཁ་ཆེའི་གྲངས་ཉུང་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་འདུག
ཕྱི་ཟླ་ ༤ ཡུ་རོབ་ཀྱི་ཚེས་ ༢༢ རེས་ཕུར་བུའི་ཉིན་དབྱིན་ཇིའི་གྲོས་ཚོགས་སུ་རྒྱ་ནག་གིས་ཤིང་ཅང་དུ་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྤྱི་མོས་གྲོས་ཆོད་ཅིག་བཞག་སྟེ། དབྱིན་ཇིའི་གཞུང་ལ་པེ་ཅིང་སྲིད་གཞུང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེར་སྔར་ལས་ལྷག་པའི་སྐྱོན་བརྗོད་བྱེད་དགོས་པའི་སྐུལ་མ་བཏང་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། རྒྱ་ནག་གཞུང་གིས་ཤིང་ཅང་དུ་མ་མཐར་ཡང་གུ་གུར་བ་ས་ཡ་གཅིག་ལྷག་བཙོན་སྒར་(concentration camps)དུ་བཀག་ཉར་བྱས་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཡོང་བའི་ཡུ་གུར་བ་ཚོས་རྒྱ་ནག་གིས་བཙོན་ཁང་དུ་རྒྱག་རྡུང་བྱེད་པ་དང་། བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པ། བཙན་གྱིས་བུད་མེད་རྣམས་མངལ་འཁོར་བའི་ནུས་པ་མེད་པ་བཟོ་བ་ལ་སོགས་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་བདེན་དཔང་ར་སྤྲོད་བྱེད་ཀྱི་ཡོད།
ཡིན་ན་ཡང་། རྒྱ་ནག་གིས་བཙོན་སྒར་དེ་དག་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་(vocational training centres)ཡིན་པ་དང་། དེ་དག་དྲག་སྤྱོད་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་པ་རྣམས་མེད་པ་བཟོ་བའི་ཆེད་དུ་དགོས་ངེས་ཤིག་ཆགས་ཡོད་ཚུལ་ཁོ་ན་བཤད་དེ། འཆར་གཞི་དང་ལམ་ལུགས་ལྡན་པའི་སྒོ་ནས་ཡུ་གུར་མི་རིགས་རྩ་མེད་བཟོ་བཞིན་ཡོད་པའི་གནས་ཚུལ་དེ་གཏན་ནས་ཁས་ལེན་བྱེད་ཀྱི་མེད།
དབྱིན་ཇིའི་གྲོས་ཚོགས་འཐུས་མི་གྷ་ནཱ་(Nusrat Ghani)ཡིས་ཚོགས་ཚོགས་སུ་གྲོས་འཆར་དེ་འདོན་སྐབས། “ང་ཚོས་མི་རིགས་རྩ་མེད་བཟོ་བ་ཞེས་པའི་ཚིག་འདི་བེད་སྤྱོད་ནོར་བ་གཏན་ནས་གཏོང་མི་ཉན་རུང་། གཏོང་འོས་སར་མི་གཏོང་བར་གཏན་ནས་འཇོག་མི་ཉན་”ཞེས་བརྗོད་པ་དང་། རྒྱ་ནག་གིས་ཤིང་ཅང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེར་མི་རིགས་རྩ་མེད་ཀྱི་ཆ་རྐྱེན་ཡོངས་སུ་ཚང་ཡོད་པའི་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་མཚན་རྟགས་བཀོད་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་མི་རིགས་རྩ་མེད་ཀྱི་གྲོས་མཐུན་(UN Genocide Convention)དུ་གསལ་བ་ལྟར་ན། མི་རིགས་རྩ་མེད་ཀྱི་གོ་དོན་ནི་“རྒྱལ་ཁབ་བམ། མི་རིགས། ཡང་ན་ཆོས་ལུགས་ཀྱི་ཚོགས་སྡེ་གཅིག་ཡོངས་སུའམ་ཆ་ཙམ་རྩ་མེད་བཟོ་བའི་དམིགས་ཡུལ་བཟུང་བའི་”བྱ་སྤྱོད་སྤེལ་བ་ལ་གོ་ཞིང་། གྲོས་མཐུན་དེའི་ནང་དུ་གསལ་བའི་མི་རིགས་རྩ་མེད་བཟོ་བའི་ཐབས་ལམ་ལྔ་ནི། ༡) ཚོགས་སྡེ་གཅིག་གི་ཚོགས་མི་གསོད་པ་དང་། ༢) ཚོགས་སྡེ་གཅིག་གི་ཚོགས་མིའི་ལུས་སེམས་ལ་གནོད་སྐྱོན་གཏོང་བ། ༣) ཆེད་དུ་ཚོགས་སྡེ་གཅིག་གི་འཚོ་གནས་ཧྲིལ་པོའམ་ཆ་ཤས་ལ་གཏོར་སྐྱོན་གཏོང་བའི་གནས་སྟངས་སྐྲུན་པ། ༤) ཚོགས་སྡེ་གཅིག་གི་ནང་དུ་བྱིས་སྐྱེ་བ་འགོག་ཐབས་ཀྱི་བྱ་སྤྱོད་སྤེལ་བ། ༥) ཚོགས་སྡེ་གཅིག་གི་བྱིས་པ་རྣམས་བཙན་གྱིས་ཚོགས་སྡེ་གཞན་དུ་འཁྲིད་པ་བཅས་ཡིན།
ད་ལོའི་ཕྱི་ཟླ་ ༡ པོའི་ནང་ཨ་རིའི་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་དེ་“མི་རིགས་རྩ་མེད་བཟོ་བའི་”བྱ་སྤྱོད་ཡིན་པར་ངོས་འཛིན་བྱས་པའི་རྗེས། ཁ་ན་ཊའི་གྲོས་ཚོགས་དང་། ནེ་དྷར་ལན་ཌིའི་གྲོས་ཚོགས། དེ་ནས་ད་ཐེངས་དབྱིན་ཇིའི་གྲོས་ཚོགས་བཅས་ནས་རིམ་པ་བཞིན་པེ་ཅིང་གི་བྱ་སྤྱོད་དེ་མི་རིགས་རྩ་མེད་བཟོ་བའི་བྱ་སྤྱོད་དུ་ངོས་འཛིན་བྱས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།