དབྱིན་ཇིའི་བློན་ཆེན་ཟུར་པ་ཚོས་ཧོང་ཀོང་རྟོག་ཞིབ་རུ་ཁག་རྩ་འཛུགས་དགོས་སྐོར་བཤད་འདུག 

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཟུར་པ་བདུན་གྱིས་སྲིད་བློན་བྷོ་ར་སི-ཇོན་སོན་(Boris Johnson) ལ་ཞུ་ཡིག་ཅིག་ཕུལ་ནས་ཧོང་ཀོང་གི་གནད་དོན་ལ་རྟོག་ཞིབ་བྱེད་པའི་རྒྱལ་སྤྱིའི་རུ་ཁག་ཅིག་འཛུགས་དགོས་པའི་སྐུལ་མ་བཏང་འདུག 

ཕྱི་ཟླ་༦ ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཟུར་པ་བདུན་གྱིས་སྲིད་བློན་བྷོ་ར་སི-ཇོན་སོན་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། པེ་ཅིང་གིས་ཧོང་ཀོང་ལ་དབང་སྒྱུར་དང་སྟངས་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་པའི་ཡ་ལན་དུ། སྲིད་བློན་གྱིས་ནུས་ཤུགས་བཏོན་ནས་སྟོབས་ཆེན་རྒྱལ་ཁབ་བདུན་(G7) ལ་ཧོང་ཀོང་གི་གནས་སྟངས་རྟོག་ཞིབ་བྱེད་པའི་རྒྱལ་སྤྱིའི་རུ་ཁག་ཅིག་རྩ་འཛུགས་བྱེད་དུ་འཇུག་པའི་རེ་སྐུལ་བྱས་ཡོད་འདུག 

རྒྱ་ནག་གིས་བདུན་ཕྲག་སྔོན་མར་རྒྱལ་ཁབ་བདེ་འཇགས་ཁྲིམས་ཞེས་པ་དེ་དངོས་སུ་ཧོང་ཀོང་དུ་གཏན་འབེབས་ལག་བསྟར་བྱེད་རྒྱུའི་གྲོས་ཐག་བཅད་པ་དེས། ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་རྣམས་ལ་སེམས་འཚབ་ཆེན་པོ་བསླངས་ཤིང་། ཨ་རིའི་སྲིད་འཛིན་གྱིས་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་རྣམས་རྩིས་མེད་གཏོང་རྒྱུ་ཡིན་པ་མ་ཟད། འབྲེལ་ཡོད་རྣམས་ལའང་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་སྤེལ་འདུག 

པེ་ཅིང་གིས་དུས་རྒྱུན་ལྟར་ཁྲིམས་དེ་“འཇིགས་སྐུལ་རིང་ལུགས་”དང་། “ཁ་བྲལ་བ་རྣམས་”མེད་པ་བཟོ་ཆེད་དུ་དགོས་ངེས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་འདུག་ན་ཡང་། ཧོང་ཀོང་མི་མང་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་ཁྲིམས་གསར་པ་དེ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དང་། རང་དབང་འཐབ་རྩོད་པ་རྣམས་རྩ་མེད་བཟོ་ཆེད་དུ་གཏན་ལ་ཕབ་པ་ཞིག་ཡིན་པ་མ་ཟད། ཁྲིམས་དེས་ཕྱི་ལོ་༡༩༩༧ ལོར་དབྱིན་རྒྱའི་བར་དུ་བཞག་པའི་གྲོས་མཐུན་ཏེ། ཧོང་ཀོང་གི་རང་སྲིད་རང་སྐྱོང་གི་གནས་བབ་རྩིས་མེད་བཏང་བ་ཡིན་སྐོར་བཤད་འདུག 

དབྱིན་ཇི་དང་། ཨོ་སི་ཁྲུ་ལི་ཡ། ཨ་རི། ཁ་ན་ཊ་བཅས་ཀྱིས་ཐུན་མོང་ཐོག་ནས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་པའི་ཐོག དབྱིན་ཇིའི་གཞུང་ནས་ཧོང་ཀོང་བ་ཚོར་ཐོངས་མཆན་ཕར་འགྱངས་དང་མི་སེར་དུ་འགྱུར་བའི་ཐོབ་ཐང་མཁོ་སྤྲོད་བྱེད་རྒྱུ་ཡིན་ཚུལ་ཡང་བཤད་ཡོད་འདུག

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་བདུན་གྱིས་དེ་རིང་རེས་གཟའ་ཟླ་བའི་ཉིན་ཕྱིར་བསྒྲགས་བྱས་པའི་ཞུ་ཡིག་དེའི་ནང་། “དབྱིན་ཇིས་ངེས་པར་དུ་སྣེ་ཁྲིད་བྱས་ཏེ་དཀའ་རྙོག་འདིར་རྒྱལ་སྤྱིའི་རང་བཞིན་གྱི་ཡ་ལན་ཞིག་བཀོད་སྒྲིག་བྱེད་དགོས་”ཚུལ་དང་། སྲིད་བློན་བྷོ་ར་སི-ཇོན་སོན་གྱིས་སྟོབས་ཆེན་རྒྱལ་ཁབ་བདུན་ལ་སྐུལ་འདེད་ཀྱིས་ཧོང་ཀོང་གི་གནས་སྟངས་ལ་རྟོག་ཞིབ་བྱེད་པའི་རྒྱལ་སྤྱིའི་རུ་ཁག་ཅིག་རྩ་འཛུགས་བྱེད་དགོས་སྐོར་འཁོད་ཡོད་འདུག 

ཕྱིའི་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་དེར། པེ་ཅིང་སྲིད་གཞུང་གིས་ཧོང་ཀོང་གི་འབྱུང་འགྱུར་དེ་རྒྱ་ནག་ནང་ལོགས་ཀྱི་གནད་དོན་འབའ་ཞིག་ཡིན་སྐོར་བཤད་དེ་ཕྱིར་ཁ་རྡུང་དང་སྐྱོན་བརྗོད་བྱས་འདུག འོན་ཀྱང་། དབྱིན་ཇིའི་བློན་ཆེན་ཟུར་པ་ཚོས་པེ་ཅིང་སྲིད་གཞུང་ནས་ཕྱི་ལོ་༡༩༩༧ ལོར་ཧོང་ཀོང་གི་རང་སྲིད་རང་སྐྱོང་དང་རང་དབང་ལོ་༥༠ བར་ཉར་སྲུང་བྱེད་པའི་ཁས་ལེན་དམ་བཅའ་རྩིས་དེ་མེད་རྡོག་རོལ་བཏང་བ་ཡིན་པའི་དགག་རྒྱག་བྱས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།