དབྱིན་ཇིའི་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཚོང་ལས་ལ་ཡིད་ཆེས་བརླགས་ཡོད་པར་བརྗོད་འདུག
འདས་པའི་ལོ་ངོ་འགའ་ཤས་རིང་རྒྱ་ནག་ནང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་སླར་གསོ་ཐུབ་ཆེད་སྐུལ་འདེད་གྱི་སྲིད་བྱུས་ཟེར་བ་རབ་རིམ་སྤེལ་ཡང་དབྱིན་ཇིའི་ཚོང་དོན་ལ་དཀའ་ངལ་འཕྲད་མུས་ཀྱིས། དབྱིན་ཇིའི་ཚོང་དོན་ལྷན་ཚོགས་ནས་ཚོང་དོན་ཡོང་འབབ་ཀྱི་རེ་བ་བརླགས་ཡོད་འདུག
ཕྱི་ཚེས་༣ ཉིན་Reutersགསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཚོང་ལས་གཉེར་མཁན་དབྱིན་ཇིའི་ཚོང་དོན་ལྷན་ཚོགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་དེའི་ནང་ཚོང་ལས་གཉེར་རྒྱུ་ནི།འདས་པའི་ལོ་དག་གི་རིང་དཔལ་འབྱོར་ཉམས་རྒུད་ཀྱི་རྐྱེན་པས་དཀའ་ངལ་ཆེ་རུ་ཕྱིན་པ་དང་། ༢༠༢༥ ལོར་ཡང་གནས་སྟངས་དེ་མུར་གནས་རྒྱུ་ཡིན་པའི་བསམ་ཚུལ་ཡོང་གི་ཡོད་པར་བརྗོད་འདུག
དེ་ནི་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་༡༩་ཡི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཟླ་བ་ཁ་ཤས་ཀྱི་རིང་ལ་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཡོད་པ། རྒྱ་ནག་ནང་གི་དབྱིན་ཇིའི་ཚོང་དོན་ལྷན་ཚོགས་ཀྱིས་གཟའ་མིག་དམར་ཉིན་སྤེལ་བའི་ལོ་འཁོར་གྱི་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་མི་ཚོའི་བསམ་ཚུལ་བསྡུ་ལེན་གྱི་བསམ་ཞིབ་སྙན་ཐོའི་ནང་དུ་གསལ་འདུག
ཞུ་གཏུག་ཚོགས་པའི་ཚོགས་མི་ཚོའི་ཕྱི་ཟླ་དགུ་པ་དང་བཅུ་གཉིས་པའི་བར་གྱི་བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས་ལྟར་ན། ཚོང་དོན་ལྷན་ཚོགས་ཀྱི་ཚོགས་མི་བརྒྱ་ཆ་༥༨་ཀྱིས་འདས་པའི་ལོའི་རིང་ལ་རྒྱ་ནག་ནང་ཚོང་ལས་གཉེར་རྒྱུ་དཀའ་ངལ་ཆེ་རུ་ཕྱིན་ཡོད་པའི་ཚོར་སྣང་བྱུང་ཡོད་པ་དང་།ཚོང་ལས་དེ་འདྲ་གཉེར་མཁན་གྱི་བརྒྱ་ཆ་༨༦ གིས་དཔལ་འབྱོར་གྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཡོད་པའི་སྐྱོན་བརྗོད་བྱས་འདུག དབྱིན་ཇིའི་ཚོང་དོན་ལྷན་ཚོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་། སྒྲིག་གཞིའི་འགོག་རྐྱེན་སོགས་ལས་དབྱིན་ཇིའི་ཚོང་དོན་ཁག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ཚོང་དོན་ཡོང་འབབ་ཀྱི་རེ་བ་ཆག་ཡོད་པ་མ་ཟད། སྐུལ་མའི་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་ཡོད་ནའང་ཚོང་དོན་ཁག་གིས་༢༠༢༥ ལོར་རེ་བ་ཆེན་པོ་བྱེད་ཀྱི་མེད་ཅེས་བརྗོད་འདུག རྒྱ་ནག་ནང་ཚོང་ལས་གཉེར་རྒྱུར་ལོ་ལྔ་མུ་མཐུད་ནས་དཀའ་ལས་ཁག་ཏུ་ཕྱིན་ཡོད་པ་དང་། ཚོགས་པའི་ཚོགས་མི་བརྒྱ་ཆ་༤༡ ཁོ་ནས་ཕྱི་ལོ་རྗེས་མར་གནས་སྟངས་ཡག་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་པ་མ་ཟད།
རྒྱ་ནག་གི་དཔལ་འབྱོར་དེ་ཕྱི་ལོ་༢༠༢༢ལོའི་ལོ་མཇུག་ཏུ་པེ་ཅིང་གཞུང་གིས་ཏོག་དབྱིབས་ནད་དུག་འགོག་ཐབས་ཀྱི་དམ་དྲག་སྲིད་ཇུས་མཚམས་འཇོག་བྱས་རྗེས། རྒྱུན་གནས་ཐུབ་པའི་ངང་ནས་སླར་གསོ་བྱེད་ཐུབ་ཀྱི་མེད་པ་དང་། དཔྱད་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་དེ་ཕྱི་ལོ་༡༩༩༠ ཡི་ནང་དུ་དབྱིན་ཇིར་འཕྲད་པའི་དཔལ་འབྱོར་གནས་སྟངས་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག
སྤྱིར་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱི་ཕན་ཚུན་འབྲེལ་ལམ་ཉེ་རུ་སོང་ཡོད་པ་དང་། ཟླ་བ་སྔོན་མར་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཌེ་ཝི་ཌི་ལེམ་མི་ཡིས་པེ་ཅིང་དུ་འཚམས་འདྲིར་བསྐྱོད་པ་དང་། ཟླ་བ་དེའི་ཟླ་འགོར་སྲིད་བློན་ཀིར་སི་ཊཱར་མར་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨར་ཇེན་ཊི་ནའི་ནང་G20ཚོགས་འདུའི་སྐབས་སུ་ཟུར་དུ་མཇལ་མོལ་གནང་ཡོད་འདུག
ལེམ་མི་ཡིས་འཚམས་འདྲི་བརྒྱུད་ཚོང་དོན་ལྷན་ཚོགས་ཀྱིས་དབྱིན་ཇིའི་ཚོང་དོན་ལས་ཁང་ཁག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་རེ་བ་ཆེ་ཤོས་བྱེད་ཀྱི་ཡོད་པ་དེ་འདྲ་ཞིག་འདས་པའི་ལོ་ངོ་བདུན་གྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ཐོན་མྱོང་མེད་སྐོར་བརྗོད་ཡོད་པ་རེད་འདུག འོན་ཀྱང་འབྲེལ་བ་དེ་ཇི་འདྲ་ཞིག་གི་ངོ་བོར་འགྱུར་མིན་ངེས་པ་མེད་པ་དང་། པེ་ཅིང་གཞུང་གིས་རང་གི་བཟོ་ཚོང་ཁག་ལ་རོགས་དངུལ་སྤྲད་དེ་ཐོན་སྐྱེད་འཕར་མ་གཏོང་གི་ཡོད་པ་དེས་ཨ་རི་དང་ཡོ་རོབ་མཉམ་སྦྲེལ་གཉིས་ཀར་ཚོང་དམག་གི་མདུན་སར་འབྱུང་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།