དབྱིན་ཇིས་མཉམ་འབྲེལ་རྒྱལ་ཁབ་ནང་དུ་ཡུ་གུར་མི་རིགས་ཀྱི་དཀའ་སྡུག་གླེང་སློང་བྱ་རྒྱུ་རེད་འདུག 

དབྱིན་རྒྱའི་འགལ་ཟླ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། དབྱིན་ཇིའི་གཞུང་ནས་མཉམ་འབྲེལ་རྒྱལ་ཁབ་ལ་ཡུ་གུར་མི་རིགས་ཀྱི་དཀའ་སྡུག་ལ་“ཛ་དྲག་དང་བཀག་རྒྱ་མེད་པའི་”ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་འདོན་རྒྱུ་རེད་འདུག 

ཕྱི་ཟླ་༢ ཚེས་༢༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌོ་མན-རཱ་བྷི་(Dominic Raab) ཡིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་དང་། རཱ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་དང་། འབར་མའི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་འདུག 

དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཁོང་གི་ལས་ཁུངས་ནས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཁོང་གིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གཞུང་གིས་ཤིང་ཅང་དུ་ཡུ་གུར་བ་རྣམས་ལ་གདུག་རྩུབ་མནར་གཅོད་གཏོང་བཞིན་པ་དང་། བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པ། བཙན་གྱིས་བུད་མེད་རྣམས་མངའ་འཁོར་བའི་ནུས་པ་མེད་པ་བཟོ་བ་ལ་སོགས་པའི་གནད་དོན་རྣམས་གླེང་སློང་བྱ་རྒྱུ་ཡིན་པ་མ་ཟད། ཁོང་གིས་“མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སམ། ཡང་ན་རང་དབང་ལྡན་པའི་ཉམས་ཞིབ་ཚོགས་ཆུང་ཞིག་གིས་ངེས་པར་དུ་ཛ་དྲག་དང་བཀག་རྒྱ་མེད་པའི་ཐོག་ནས་ཤིང་ཅང་ལ་ཞིབ་འཇུག་བྱེད་དགོས་”ཞེས་བརྗོད་རྒྱུ་ཡིན་འདུག 

རྒྱ་ནག་གིས་གྲངས་ཉུང་མི་རིགས་རྣམས་རྩ་མེད་དང་བཤུ་གཞོག་གཏོང་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁོ་ན་ལག་བསྟར་བྱས་ཏེ། ཤིང་ཅང་དུ་ཡུ་གུར་བ་ས་ཡ་༡ ལྷག་བཙན་གྱིས་བཙོན་སྒར་དུ་ཉར་ནས་རིན་མེད་ཀྱི་ངལ་རྩོལ་བྱེད་དུ་བཅུག་དང་འཇུག་བཞིན་པ་ལ། རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད། 

ཨ་རིས་འདི་ལོའི་ཕྱི་ཟླ་༡ ཚེས་༡༩ ཉིན་རྒྱ་ནག་གཞུང་གིས་ཤིང་ཅང་དུ་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་ཡོད་པའི་ངོས་འཛིན་བྱས་པ་དང་། སྐབས་དེའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའི་(Mike Pompeo) ཡིས་“རྒྱ་ནག་གཞུང་གིས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཡུ་གུར་མི་རིགས་རྩ་མེད་གཏོང་ཐབས་བྱེད་ཀྱིན་ཡོད་”པའི་འགྲེལ་བརྗོད་གནང་ཡོད་ལ། དེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ད་ལྟའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁིན་(Antony Blinken)བསྐོ་བཞག་བྱུང་བའི་རྗེས་ལ། ཁོང་གིས་ཀྱང་བྷའེ་ཌན་སྲིད་གཞུང་གི་ངོས་ནས་མི་རིགས་རྩ་མེད་ཀྱི་གནད་དོན་ཐད་ལ་འགྱུར་བ་གང་ཡང་ཕྱིན་མེད་ཚུལ་བསྒྲགས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།