དབྱིན་ཇིས་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་རྩིས་མེད་བཏང་འདུག 

དབྱིན་རྒྱའི་འགལ་ཟླ་ཇེ་ཆེར་འགྱུར་བཞིན་པའི་སྐབས་འདིར། དབྱིན་ཇིས་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་རྩིས་མེད་གཏོང་རྒྱུ་ཡིན་ཞེས་བསྒྲགས་འདུག 

ཟླ་འདིའི་ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་དབྱིན་ཇིའི་གཞུང་ནས་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཆིག་རྩིས་མེད་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག་ཅིང་། ཐག་གཅོད་དེ་ནི་རྒྱ་ནག་གིས་ཉེ་ཆར་ཧོང་ཀོང་དུ་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ཞེས་པ་བཙན་གྱིས་གཏན་འབེབས་ལག་བསྟར་བྱེད་འགོ་བརྩམས་པའི་རྗེས་སུ་བྱུང་བ་ཞིག་ཡིན་འདུག 

དབྱིན་རྒྱའི་འགལ་བ་ཇེ་མང་དང་ཇེ་ཆེར་འགྱུར་བཞིན་པའི་སྐབས་འདིར། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌོ་མན་ཁི-རོ་བྷི་(Dominic Raab)ཡིས་ཧོང་ཀོང་དུ་གཏན་ལ་ཕབ་པའི་བཅའ་ཁྲིམས་གསར་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་། ལྷག་པར་དུ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་བཅས་ཀྱི་ཐད་ལ་ཁོང་སེམས་འཚབ་ཡོད་སྐོར་བརྗོད་པའི་ཐོག “ང་ཚོས་སོ་སོའི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལ། སོ་སོའི་རིན་ཐང་རྣམས་རྩ་འཛིན་བྱས་ནས་རྒྱ་ནག་ལ་རྒྱལ་སྤྱིའི་སྒྲིག་ལམ་བརྩི་སྲུང་བྱེད་དུ་འཇུག་གི་ཡིན་”ཞེས་བསྣན་འདུག 

རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ངོ་རྒོལ་ལ་མ་ལྟོས་པར་བཅའ་ཁྲིམས་གསར་པ་དེ་གཏན་ལ་ཕབ་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”རྩ་མེད་བཏང་རྗེས། ཨ་རིས་ཧོང་ཀོང་གྲོང་ཁྱེར་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲོད་བཞིན་ཡོད་པ་རྣམས་མཚམས་འཇོག་གིས་“རྒྱ་ནག་སྐམ་ས་ཆེན་མོ་དང་གཅིག་མཚུངས་”སུ་བརྩི་རྒྱུ་ཡིན་སྐོར་བསྒྲགས་པ་མ་ཟད། ཨོ་སི་ཁྲུ་ལི་ཡ་དང་ཁ་ན་ཌ་གཉིས་ཀྱང་ཧོང་ཀོང་གྲོང་ཁྱེར་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཡིངས་ཡིག་ཕྱིར་བསྡུ་དང་རྩིས་མེད་བཏང་ཡོད་འདུག 

གཞན་ཡང་། དབྱིན་ཇིའི་གཞུང་ནས་བདུན་ཕྲག་གོང་མར་དབྱིན་ཇིའི་རྒྱལ་ཁབ་ཀྱི་བརྡ་རྟགས་ཚད་རིམ་༥ ཅན་(5G) གྱི་ལས་འཆར་ནང་དུ་རྒྱ་ནག་གི་ཚོང་ལས་ཁང་ཧུ་ཝེ་(Huawei) བཀག་སྡོམ་བྱེད་རྒྱུ་ཡིན་སྐོར་བཤད་པའི་ཁར། ཧོང་ཀོང་གི་ཁྲིམས་གསར་པ་དེ་ནི་དེ་སྔོན་༡༩༩༧ ལོར་དབྱིན་རྒྱའི་བར་དུ་བཞག་པའི་ཆིངས་ཡིག་དང་འགལ་ཡོད་པ་དང་། ཧོང་ཀོང་ནས་ཉེན་གཡོལ་དུ་འགྲོ་འདོད་པའི་མི་མང་ས་ཡ་༣ ཙམ་ལ་དབྱིན་ཇིའི་མི་སེར་དུ་འགྱུར་བའི་ལམ་བུ་མཁོ་སྤྲོད་བྱེད་རྒྱུ་ཡིན་ཞེས་བསྒྲགས་འདུག 

དབྱིན་ཇིའི་གཞུང་ནས་སྔར་གྱི་སྲིད་བྱུས་ལ་འགྱུར་བ་བཏང་ནས་རྒྱ་ནག་ལ་ཕྱོགས་ཡོངས་ནས་ཁ་གཏད་གཅོག་ཐབས་བྱེད་བཞིན་པ་དེར་རྒྱ་ནག་གིས་དགག་པ་དང་སྐྱོན་བརྗོད་བྱས་འདུག་སྟེ། དབྱིན་ཇིར་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཀྱིས་ཚེས་༡༩ རེས་གཟའ་ཉི་མའི་ཉིན་དབྱིན་ཇིས་“ཨ་རིའི་གདངས་དབྱངས་ལ་ཞབས་བྲོ་འཁྲབ་བཞིན་ཡོད་”ཅེས་བཤད་པ་མ་ཟད། ཡུ་གུར་བ་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དེ་གཞི་མེད་རྫུན་བསྒྲིགས་བྱས་པ་ཞིག་ཡིན་ཞེས་བརྗོད་འདུག 

བྷེ་བྷེ་སི་གསར་ཁང་(BBC) གི་བཅར་འདྲི་དེའི་ནང་། རྒྱ་ནག་གི་སྐུ་ཚབ་ཀྱིས་ད་དུང་རྒྱ་ནག་ཏུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་ཆེད་དུ་དཀའ་རྙོག་སློང་བཞིན་ཡོད་པའི་ཉེས་འཛུགས་བྱས་པའི་ཐོག  “མི་རྣམས་ཀྱིས་རྒྱ་ནག་གི་བཙན་ཤེད་ཤིན་ཏུ་ཇེ་ཆེར་འགྱུར་བཞིན་འདུག་ཅེས་བཤད་ཀྱི་ཡོད། དེ་ནི་ཡོངས་སུ་ནོར་བ་རེད། རྒྱ་ནག་ལ་འགྱུར་བ་ཕྱིན་མེད། འགྱུར་བ་ཕྱིན་པ་དེ་ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་རེད། ཁོ་ཚོས་རྒྱ་ནག་གི་ཐོག་ལ་གྲང་དམག་གསར་པ་ཞེས་པ་འདིའི་འགོ་བཙུགས་པ་རེད་”ཅེས་བསྣན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།