དབྱིན་ཡུལ་གྱི་རྒྱལ་སྤྱིའི་དངུལ་ཁང་གཉིས་ཀྱིས་རྒྱ་ནག་གི་བདེ་འཇགས་ཁྲིམས་ལ་རྒྱབ་སྐྱོར་བྱས་འདུག
རྒྱལ་སྤྱིའི་ནང་རྒྱ་ནག་གིས་གཏན་འབེབས་བྱས་པའི་ཧོང་ཀོང་ཐོག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། དབྱིན་ཡུལ་ནང་གི་རྒྱལ་སྤྱིའི་དངུལ་ཁང་ཆེན་པོ་གཉིས་ཀྱིས་ཁྲིམས་དེར་རྒྱབ་སྐྱོར་བྱས་ཡོད་འདུག
ཟླ་༦ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དངུལ་ཁང་ཆེ་གྲས་(HSBC) དང་(standard Chartered) གཉིས་ཀྱིས་ཧོང་ཀོང་ནང་དུ་ཚོང་ལས་ཤུགས་ཆེན་བྱེད་ཀྱི་ཡོད་འདུག་པ་དང་། དངུལ་ཁང་དེ་གཉིས་ཀྱིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཧོང་ཀོང་ཐོག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེ་ཡིས། ཧོང་ཀོང་གྲོང་ཁྱེར་ནང་དུ་རྒྱུན་རིང་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཚེས༣ ཉིན་(HSBC) དངུལ་ཁང་གི་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཁག་གི་སྤྱི་ཁྱབ་འགན་འཛིན་གྱིས། རྩོད་རྙོག་ཅན་གྱི་ཧོང་ཀོང་ཐོག་གི་ཁྲིམས་དེར་རྒྱབ་སྐྱོར་བྱེད་པའི་ཞུ་གཏུག་སྙན་ཞུར་མིང་རྟགས་བཀོད་ཡོད་འདུག དངུལ་ཁང་དེ་ཡུ་རོབ་ནང་གི་དངུལ་ཁང་ཆེ་ཤོས་གྲས་ཡིན་ཡང་། ཨེ་ཤི་ཡའི་ནང་དུ་ལས་དོན་ཆེན་པོ་སྤེལ་བཞིན་ཡོད་ཁར། ལྷག་པར་དུ་ཧོང་ཀོང་ནང་ལས་དོན་ཁྱབ་ཆེན་པོ་ཡོད་འདུག རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཐོག་ཏུ། དངུལ་ཁང་དེས་ཧོང་ཀོང་གི་སྤྱི་ཚོགས་བརྟན་ལྷིང་བཟོ་བའི་ཁྲིམས་ཚང་མར་གུས་བརྩི་དང་རྒྱབ་སྐྱོར་ཡོད་ཅེས་བྲིས་ཡོད་འདུག
standard Chartered དངུལ་ཁང་དེ་ཡང་ཨེ་ཤི་ཡ་ནང་དུ་ལས་དོན་ཆེན་སྤེལ་གྱི་ཡོད་འདུག་པ་དང་། དངུལ་ཁང་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེས་ཧོང་ཀོང་ནང་ཕུགས་རྒྱང་རིང་པོར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་བྱེད་རྒྱུ་ཡིན་པར་ཡིད་ཆེས་ཡོད་སྐོར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་ནི་མ་འོངས་པར་ཧོང་ཀོང་གི་གྲུབ་འབྲས་ཀྱི་རྨང་གཞི་ཆགས་ཀྱི་ཡོད་པས། ཚོང་ལས་སྡེ་ཚན་ཚོའི་གདེང་འཇོག་གི་གཞི་རྟེན་ཡིན་སྐོར་བརྗོད་འདུག
འོན་ཀྱང་ཧོང་ཀོང་ནང་དུ་ཁྱབ་ཆེན་པོ་ཡོད་མཁན་ཉི་ཧོང་གི་མ་འཛུགས་དངུལ་ཁང་(Nomura) ཡིས། ཉི་ཧོང་གི་ཕྱི་ལོགས་སུ་དངུལ་ཁང་དེའི་ལས་དོན་སྤེལ་ཡུལ་གལ་ཆེ་ཤོས་དེ་ཧོང་ཀོང་ཡིན་ཡང་། ད་ལྟའི་ཆར་གནས་སྟངས་དེ་སྔོན་དང་མི་འདྲ་བ་ཆགས་ཡོད་པས། ལས་དོན་གྱི་ཁྱབ་ཚད་ཐོག་བསྐྱར་ཞིབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཧོང་ཀོང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེ་ལ་བརྟེན་ནས། གྲོང་ཁྱེར་དེའི་ནང་གི་མང་གཙོའི་རང་དབང་རྣམས་མེད་པ་ཆགས་ནས། རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་ཀྱི་གནས་སྟངས་ཆགས་རྒྱུ་ཡིན་པའི་ཚོད་དཔག་དང་ཞེད་སྣང་བྱེད་མཁན་མང་པོ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།