དབྱིན་ཡུལ་གྱི་སྲིད་བློན་གསར་པ་བསྐོ་བཞག་བྱས་ཡོད་པ་རེད།

དབྱིན་ཡུལ་མི་མང་གིས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་རྒྱུར་མང་མོས་འོས་ཤོག་བླུགས་རྗེས། སྲིད་བློན་ཁེ་མུ་རོན་གྱིས་ལས་གནས་ནས་དགོངས་པ་ཞུས་ཏེ། སྲིད་བློན་གསར་པ་ལྕམ་ཋེ་རི་ས་མཱེ་བསྐོ་བཞག་བྱས་ཡོད་པ་དང། མོ་རང་ནི་དབྱིན་ཡུལ་གྱི་བུད་མེད་སྲིད་བློན་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

13695792_1207633682593832_1363842270_nཟླ་འདིའི་ཚེས་༡༣ ཉིན་དབྱིན་ཡུལ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ལྕམ་ཋེ་རི་ས་མཱེ་སྲིད་བློན་ལ་བསྐོ་བཞག་བྱས་འདུག་པ་དང་། དེ་སྔོན་མོས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་མི་བྱེད་ཆེད་ཤུགས་སྣོན་བརྒྱབ་ཡོད་ཀྱང་། གསར་འགོད་ལྷན་ཚོགས་ཐོག་མོས་མི་མང་གི་འདོད་མོས་ལྟར་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་མོས་མི་མང་དཀྱུས་མ་དང་ངལ་རྩོལ་བ་རྣམས་ཀྱི་ཆེད་དུ་སྲིད་བྱུས་གསར་པ་བཟོ་བ་སོགས། ཕྱུག་བདག་ལས་མི་མང་དཀྱུས་མའི་འཚོ་བ་ཡར་རྒྱས་འགྲོ་ཆེད་དུ་དཀའ་ལས་རྒྱག་རྒྱུ་ཡིན་སྐོར་གསུངས་འདུག
མོས་རང་ཉིད་ཀྱི་འཛིན་སྐྱོང་གི་བློན་ཆེན་རྣམས་ཀྱང་བསྐོ་བཞག་བྱས་ཟིན་འདུག་པ་དང་། ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་ཆེད་དུ་བློན་ཆེན་གསར་པ་ཀྱང་བསྐོ་བཞག་བྱས་འདུག ཨ་རི་གཙོས་པའི་ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས། སྲིད་བློན་གསར་པ་ལ་མཚམས་འདྲི་དང་འབྲེལ་མ་འོངས་པར་དབྱིན་ཡུལ་དང་ལྷན་དུ་མཉམ་ལས་མུ་མཐུད་བྱེད་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཟླ་༦ པའི་ཚེས་༢༥ ཉིན་དབྱིན་ཡུལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་མུ་མཐུད་བྱེད་དགོས་མིན་ཐོག མི་མང་གིས་འོས་བླུགས་ནས་བརྒྱ་ཆ་༤༨ དང་༥༢ བྱས་ནས་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐེན་བྱེད་དགོས་པའི་མང་མོས་འོས་ཐོབ་ཡོད་པ་རེད། འོས་ཤོག་གི་གྲུབ་འབྲས་ཐོན་མ་ཐག་དབྱིན་ཡུལ་གྱི་དངུལ་སྒོར་གྱི་རིན་འབབ་མར་ཆགས་ཡོད་པ་དང་། མི་མང་པོ་ཞིག་གིས་དབྱིན་ཡུལ་གྱི་དཔལ་འབྱོར་ཉམས་ཆག་འགྲོ་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།