དབྱིན་ཡུལ་གྱིས་ཀྱང་འགྲོ་སྐྱོད་བཀག་རྒྱ་བསྐྱར་དུ་བཏང་འདུག 

ཡུ་རོབ་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་རིམ་པ་གཉིས་པ་སླེབས་ཀྱི་ཡོད་པར་ངོས་འཛིན་བྱེད་བཞིན་པ་ལྟར། འཇར་མན་དང་ཧྥ་རན་སི་གཉིས་ཀྱི་རྗེས་སུ་དབྱིན་ཡུལ་གྱིས་ཀྱང་བདུན་ཕྲག་བཞིའི་རིང་འགྲོ་སྐྱོད་བཀག་རྒྱ་བསྐྱར་དུ་བཏང་འདུག 

ཟླ་༡༡ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༤ ཉིན་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སེ་ཇོན་སོན་གྱིས་གྲོས་ཚོགས་ནང་དུ། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་སྨན་པ་ཏོག་དབྱིབས་ནད་དུག་འགོས་པ་ར་འཕྲོད་བྱུང་ཡང་མུ་མཐུད་ནས་ནད་པར་སྨན་བཅོས་བྱེད་དགོས་པའི་ཛ་དྲག་གི་གནས་སྟངས་དེ་ཚོ་མཐོང་དུས། དབྱིན་ཡུལ་མི་མང་གི་ཚེ་སྲོག་དེ་ཉེན་ཁའི་གནས་སུ་འཇོག་འདོད་མེད་པས། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཚད་གཞི་དམའ་རུ་གཏོང་ཆེད་དུ་བདུན་ཕྲག་བཞིའི་རིང་འགྲོ་སྐྱོད་བཀག་རྒྱ་བཏང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག་པ་དང་། གྲོས་ཚོགས་འཐུས་མི་༥༡༦ གིས་འགྲོ་སྐྱོད་བཀག་རྒྱ་གསར་པར་རྒྱབ་སྐྱོར་བྱས་འདུག་པ་དང་། དགག་བྱ་བྱེད་མཁན་གྲོས་ཚོགས་འཐུས་མི་༣༩ བྱུང་འདུག དེའི་ནང་ནས་འཐུས་མི་༣༤ ནི་གཞུང་འཛིན་རྙིང་ཞེན་ཚོགས་པའི་ཚོགས་མི་ཡིན་པ་དང་། དགག་བྱ་བྱེད་མཁན་ཚོས་བཀག་རྒྱ་གསར་པ་ལ་བརྟེན་ནས་དབྱིན་ཡུལ་གྱི་དཔལ་འབྱོར་ཉམས་རྒུད་ཆེན་པོ་འགྲོ་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག 

བཀག་རྒྱ་གསར་པ་དེ་ཚེས་༥ ནས་འགོ་འཛུགས་བྱེད་ཀྱི་འདུག་པ་དང་། ཟླ་༡༢ པའི་ཚེས་༢ ཉིན་རང་བཞིན་གྱིས་བཀག་རྒྱ་མཇུག་བསྒྲིལ་གྱི་ཡོད་སྐོར་དབྱིན་ཡུལ་སྲིད་བློན་གྱིས་བརྗོད་འདུག་ཀྱང་། དབྱིན་ཡུལ་གྱི་བློན་ཆེན་ཞིག་དང་དེ་བཞིན་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། གལ་ཏེ་སྐབས་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཚད་གཞི་དམའ་རུ་སོང་མེད་ཚེ། བཀག་རྒྱ་གུ་ཡངས་གཏོང་རྒྱུ་ཁག་པོ་ཡིན་ཁར་གལ་ཏེ་བཏང་ཚེ་གླེན་པའི་བྱ་སྤྱོད་གཅིག་ཡིན་སྐོར་བརྗོད་འདུག 

བཀག་རྒྱ་གསར་པ་དེའི་ནང་སློབ་གྲྭ་དང་མཐོ་སློབ་ཁག་མུ་མཐུད་ནས་སྒོ་ཕྱེ་རྒྱུ་ཡིན་འདུག དེ་བཞིན་དགོས་མཁོ་ཆེ་བའི་དངོས་པོ་དང་འབྲེལ་བ་མེད་པའི་ཚོང་ཁང་དང་ལུས་སྦྱོང་ཁང་སོགས་སྒོ་རྒྱག་དགོས་པ་དང་། ཟ་ཁང་དང་ཆང་ཁང་སྒོ་རྒྱག་དགོས་ཀྱང་ཚོང་ཤག་ཚོས་ནང་དུ་ལོངས་སྤྱོད་ཆེད་དུ་ཉོ་ཆོག་གི་ཡོད་འདུག དེ་བཞིན་ཁྱིམ་དུ་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རྣམས་ཁྱིམ་དུ་བྱེད་དགོས་པ་དང་། ཁྱིམ་དུ་ལས་ཀ་བྱེད་ཐབས་མེད་ཚེ་ཕྱི་རུ་ཐོན་ཆོག་གི་ཡོད་འདུག མི་ཕན་ཚུན་ཁྱིམ་དང་སྒེར་གྱི་སྐྱེད་ཚལ་སོགས་སུ་འདུ་འཛོམས་བྱེད་ཆོག་གི་མེད་པ། དེ་བཞིན་ནད་གཅོང་དང་འཕྲོད་བསྟེན་གྱི་གནས་སྟངས་ཞན་པོ་ཡོད་པ་རྣམས་ཕྱི་རུ་ལུས་སྦྱོང་དང་སྨན་བཅོས་ཆེད་དུ་མ་གཏོགས་ཕྱི་རུ་ཐོན་མི་ཉན་པའི་ལམ་སྟོན་བྱས་འདུག གལ་ཏེ་བཀག་རྒྱའི་སྒྲིག་གཞི་དང་འགལ་མཁན་བྱུང་ཚེ་ཉེས་ཆད་ནན་པོ་བཅད་རྒྱུ་ཡིན་སྐོར་ཉེན་རྟོག་དཔོན་གྱིས་ཉེན་བརྡ་བཏང་འདུག 

ཚེས་༤ ཉིན་དབྱིན་ཡུལ་ནང་དུ་ཏོག་དབྱིབས་ནད་དུག་རྐྱེན་པས་མི་གྲངས་༤༩༢ ཀྱི་ཚེ་སྲོག་ཤོར་འདུག་པ་དང་། དེ་ནི་ཟླ་༥ པའི་ཚེས་༡༩ རྗེས་ནས་ཉིན་གཅིག་ལ་ནད་པ་མང་ཤོས་གྲོངས་པའི་ཉིན་མོ་དེ་ཡིན་འདུག དེ་བཞིན་ཏོག་དབྱིབས་ནད་པ་ཡིན་པ་ར་སྤྲོད་བྱུང་མཁན་མི་གྲངས་༢༥,༡༧༧ བྱུང་འདུག་པ་དང་། དབྱིན་ཡུལ་གྱི་རྒྱལ་ཡོངས་འཕྲོད་བསྟེན་ཞབས་ཞུ་ཁང་གིས་དབྱིན་ཡུལ་ནང་ཉེན་བརྡ་ཚད་གཞི་མཐོ་ཤོས་དེ་བཏང་འདུག དེ་ལ་བརྟེན་ནས་སྨན་པ་དང་སྨན་ཞབས་པ་སོགས་རྒྱལ་ཁབ་ཀྱི་ས་གནས་གཞན་དུ་ལས་དོན་བཀོད་སྒྲིག་བྱེད་སྲིད་ཁར། ནད་པ་ཡང་ས་གནས་གཞན་དུ་གཏོང་སྲིད་འདུག ལས་ཁང་དེས་དབྱིན་ཡུལ་གྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་པ་དང་ནད་པ་གཞན་གྱི་ཁ་གྲངས་ལ་བརྟེན་ནས་རྒྱུན་ལྡན་གྱི་དགུན་ཁར་ཡོད་པའི་གནོན་ཤུགས་ལས་ལྡབ་གསུམ་ཆེ་བ་ཡོད་སྐོར་བརྗོད་འདུག 

ཟླ་༡༠ པའི་ཚེས་༢༨ ཉིན་ཧྥ་རན་སིའི་སྲིད་འཛིན་མེར་ཁོན་གྱིས་ཚེས་༣༡ ནས་བདུན་ཕྲག་བཞིའི་རིང་ཧྥ་རན་སིའི་ནང་དུ་འགྲོ་སྐྱོད་བཀག་སྡོམ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་པ་དང་། དེའི་སྔོན་དུ་འཇར་མན་གྱི་སྲིད་བློན་ལྕམ་མེར་ཀེལ་གྱིས་ཀྱང་ཟླ་༡༡ པའི་ཚེས་༢ ཉིན་ནས་བདུན་ཕྲག་བཞིའི་རིང་རྒྱལ་ཡོངས་སུ་འགྲོ་སྐྱོད་བཀག་སྡོམ་གི་གསལ་བསྒྲགས་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།